ངག་གི་ཆོ་འཕྲུལ།

    རྩོམ་པ་པོ། འབྲོག་རེ་སྡེ།


ངག་གི་ཆོ་འཕྲུལ།


                འབྲོག་རེ་སྡེ། གསེར་རྟ།
ངས་ནི་མི་བརྟན་ཆུ་ཟླ་ཚེས་འདྲ་ཡི།།
མ་བཅོས་བབ་ཀྱིས་རྡོལ་བ་ཚིག་གི་འཕྲེང་།།
བསྟར་ན་རིང་ཙམ་སྣར་དུ་ཡོད་མཆི་ཡང་།།
འཕྲུལ་བའི་ངག་གིས་སྒྱུ་མ་དྲངས་པ་ལ།།
དཔྱོད་ལྡན་མི་མགུ་སྙམ་སྟེ་བསྐྱུར་བྱས་ཀྱང་།།
རྨི་ལམ་རྩེད་མོར་ཆགས་པའི་འོ་སྐོལ་གྱིས།།
རྒྱང་ནས་ཀུན་མཐོང་དྲི་ཟའི་རི་དྭགས་རྣམས།།
འདྲོགས་པའི་ཚུལ་ལ་མཚར་དུ་ལྟ་བས་ན།།
གླིང་བུ་འདྲ་ལ་པི་ཝང་དང་འདྲ་བའི།།
སྙན་ཚིག་ཆོ་གའི་ལྡ་ལྡི་དཔྱང་བར་བྱ།།
དེ་ལ་རིན་ཆེན་དྲྭ་ཕྱེད་འདོགས་པར་བྱ།།
དེ་རུ་གསེར་གྱི་གཡེར་ཁ་འཁྲོལ་བར་བྱ།།
དེ་ཡང་རླུང་གིས་བག་ཙམ་སྒུལ་བར་བྱ།།
རབ་སྙན་འདོད་ཡོན་འབྱམས་སུ་ཀླས་པར་བྱ།། 
ཡིད་གདུང་སྨུག་པ་ཀུན་ཏུ་འཐིབ་པར་བྱ།།
ཚོར་བའི་རྒྱ་མཚོ་རླབས་ཀྱིས་སྐྱོམ་པར་བྱ།།
སྣང་སྲིད་རོལ་མོ་བུས་པའི་དབྱངས་རྟ་ལས།།
ང་ཡི་རིག་འཛིན་འཇིགས་མེད་གླིང་པ་དང་།།
འཕྱོངས་རྒྱས་ཟླ་སྒྲོལ་ཐུགས་ལ་བཏགས་པ་ཡི།།
རྒྱལ་མཆོག་ཚངས་རྒྱམ་པ་ཡང་མངོན་པར་བྱ།།
ཕྱག་ཆེན་ཡེ་ཤེས་ངང་གི་རས་ཆུང་བའི།།
མགུར་མ་སྐྱོ་ཤས་ཅན་ཡང་གསལ་བར་བྱ།།
རང་གྲོལ་བྱར་མེད་ཀློང་གི་རྡོ་གྲུབ་པའི།།
སྤྲོས་བཅས་ངག་གི་ཆོ་ག་ཚང་བར་བྱ།།
མཉམ་ཉིད་བརྟུལ་ཞུཊ་འཆང་བའི་དཔལ་སྤྲུལ་གྱི།།
ཞལ་རྐྱེན་སྨྲ་བ་དག་མོའང་རྫོགས་པར་བྱ།།
ཞེས་པའང་འབྲོག་རེ་ལྡེས་ཆུ་སྟག་ལོའི་ཟླ་གསུམ་པའི་ཚེས་བཅུའི་མཚན་མོ་སྦྱར།。  
                         11 5 2022

དབུས་བཟའ།
 
འོད་གསལ་ལྷ་ཡི་དགེ་མ།།
ར་ག་ཤག་ལ་འཁྲུངས་ཀྱང་།།
ཉི་ཐིག་སྣེ་མོར་འཇུས་ནས།།
ཕྱིར་ལ་ལོག་འགྲོ་མ་ཟེར།།
མི་དབང་བྱམས་མགོན་སྐྱོ་ཞིང་།།
མ་ཡུམ་གནུབས་བཟའ་བཤུམ་ཡོང་།།
 
ཨ་ཞེ་ཀུན་དགའ་དབང་མོ།།
ཡར་བཞུད་གཉན་གྱི་གདུང་རེད།།
སྐུ་སྲས་དགོངས་པ་མ་འཚོམས།།
སོ་དཀར་པགས་པའི་ཡག་ས།།
ཨ་མ་མཚོ་རྒྱལ་མ་གཏོགས།།
སུ་ལ་སྟོན་བཞིན་མི་གདའ།།
 
ལྷ་སའི་སྲང་དུ་བཞུད་ན།།
ཉལ་དུད་འཐུང་གིས་མ་གསུངས།།
ཁྲོམ་གཟིགས་སྒང་གི་མི་ཚོས།།
འདས་ལོག་བརྒྱབ་པའི་འཕགས་མ།།
གནས་མོ་མི་ཡོང་ཟེར་འོང་།།
 
རྩེད་གྲལ་འགྲིམས་པའི་ཌཱཀྐི།།
ཡིག་དྲུག་འདྲེན་ཞིང་བཞུགས་ན།།
ཤག་མོ་ཁོང་དགོད་འཆོར་འོང་།།
བྱིས་པ་པད་མ་སྒྲོན་དཀར།།
ལས་འཕྲོ་གཏེར་ལ་དབང་ཡང་།།
རྩེད་གྲོགས་སྲས་མོ་རྣབས་ཁས།།
རྟེན་འབྲེལ་བསྣོགས་ནས་ཐལ་ལོ།།
 
རྟ་མཆོག་རྟིང་དཀར་ཅན་གྱི།།
དྲི་ཟའི་རྒྱལ་པོ་ཕེབས་བྱུང་།།
ཕྱག་གཡས་སྦ་ལྕགས་བསྣམས་པའི།།
ཐང་ལྷ་ཡར་བཞུད་ཕེབས་བྱུང་།།
སྲས་མོ་པང་དུ་བླངས་ཏེ།།
དབུ་ལ་བྱིལ་བྱིལ་བཏངས་བས།།
སྐྲ་དཀར་རྒོད་ཀྱི་ལྡེམ་འཕྲུ།།
འགུལ་ཙམ་འགུལ་ཙམ་བྱུང་སོང་།།
 
སྟག་ཚང་སེང་གེ་རྫོང་དུ།།
ལས་འཕྲོ་དྲན་ཙམ་བྱུང་ཡང་།།
ཨ་མ་ཐུགས་དོགས་ཆེ་བས།།
རྒྱལ་པོས་ཁྲིམས་ལ་འཇུག་གསུངས།།
དཔལ་འཁོར་མཆོད་སྡོང་གཤམ་ནས།།
དག་པའི་གནས་ཡུལ་འགྲིམས་ཀྱང་།།
ཐང་བུས་ཨ་ཕ་བཙལ་ཟེར།།
ཤག་མོས་ཁ་རྡུང་གཏོང་གི།།
          ༢༠༢༢  ༦  ༢༥
                     རྩོམ་སྒྲིག་པ། མྱི་གསར་བ།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease