རང་ཉིད་གླེང་བ།
རྩོམ་མཁན། དཔོན་གསས། སྡེ་དགེ
རྩོམ་མཁན། དཔོན་གསས། སྡེ་དགེ
རང་ཉིད་གླེང་བ།
- ལོ་ངོ་འདི་དག་གི་རང་ཉིད་ལ་བྲིས།
དཔོན་གསས། སྡེ་དགེ།
འབུད་མི་ཐུབ་པའི་ར་བ་ཆེན་པོ་ཞིག་གིས་ང་ཡི་མཐའ་ནས་སྐོར
རང་དབང་གི་ལུག་ཁྱུ་གཏམ་རྒྱུད་ཀྱི་སྤྱང་ཀིས་ཟོས
བསམ་གཞིག་གི་མཛེས་པ་ལྷབ་ལྷུབ་གཡོ་བའི་མཚན་གཞུང
གཉིད་སད་རྗེས ང་རང་སྨྲ་བརྗོད་མེད་པར་ཕྱིར་ར་བ་ཆེན་པོར་འབྱོར་བྱུང
༡
བདག་མཐའ་འཁོར་ར་བས་འཁྱུད་པའི་རྩྭ་ཐང་གི་མཚན་མོར་ཚུད
དགྲ་བཅོམ་པའི་ལས་དབང་གི་གྲིབ་མ་ཉོས་པའི་ང་ཡིས
བཀོད་སྒྲིག་བྱས་པའི་ཚེ་སྲོག་གི་གཙང་བོའི་བཞུར་རྒྱུན་ཁྲོད
མོས་ཤིང་མི་མོས་པའི་གོམ་པ་ཞིག་ཤུགས་ཀྱིས་སྤོ་དགོས་པ་འདི
ར་བ་འདིར་བདོག་པའི་ལོ་ངོ་མང་བའི་རྐྱེན་གྱིས་བྱས་སམ
ཡང་ན ར་བའི་ཕྱིར་རོལ་གྱི་འཇའ་ཚོན་མཛེས་པར་ཤར་བས་བྱས
ངས་གཏན་ཚིགས་ཀྱི་ཨ་ལོང་རྡུང་བའི་མགར་བ་ཡེ་ནས་མ་རྙེད་དོ
མ་གཞི འདི་ནི་རྒྱལ་པོའི་ལག་གི་མུ་ཏིག་གི་སྙན་ཤལ་ཆུང་ཆུང་ཞིག་གོ
༢
མཛེས་སྡུག་གཅིག་པུའི་ཁྲོད་ཀྱི་ཁེར་རྐྱང་གི་སྡུག་བསྔལ་འདི
ངའི་ཚེ་སྲོག་གི་མངོན་སུམ་དུ་སྤར་བའི་མར་མེ་ཚེ་འབར་ཞིག་ཡིན་ཏེ
ཁེར་རྐྱང་གི་མཛེས་སྡུག་ནག་པོའི་ཁྲོད། ངས་ཁུ་སིམ་སིམ་གྱི་དུས་ཚོད་ཀྱི་ཚག་སྒྲ་ཚོར
ཅི་མི་སྙམ་པར་འདུག་པའི་ལྷིང་འཇགས་འདི
ངའི་བསམ་གཞིག་གི་བོའུ་ཁ་གཏད་ས་དེ་ཁོ་ན་ཡིན
འོན་ཀྱང ང་སྔར་བཞིན་རང་དབང་གི་ལུག་ཁྱུ་ཟ་བའི་སྤྱང་ཀིའི་ལག་མཐིལ་ན་ཡོད་པས
བརྟུལ་ཞུགས་ཀྱི་སྤྱོད་པ་འཕྱོ་བའི་རྦ་རླབས་ཡེ་ནས་མི་འདུག་གོ
མ་གཞི འདི་ནི་བསམ་གཞིག་གི་ནམ་མཁའ་ཡངས་པ་ཙམ་ཞིག་གོ
༢༠༢༢ ༡༠ ༡༤
བར་ཐག
- Y ལ་བྲིས།
དྲ་བའི་ཟམ་ཐག་གིས ཆུ་བོའི་ཕ་རོལ་དང་ཚུར་ངོས་སྦྲེལ་རྗེས
གཙང་བོ་རྒྱས་པའི་ས་མཐའ་སྔར་བཞིན་གཞལ་ཐབས་མེད་ནའང
འཚག་མི་ནུས་པའི་ཡི་གེའི་ལས་དོན་རིགས་ཤིག་གིས
ཞལ་འདབ་ནས་སྔོན་མེད་འཛུམ་མདངས་ཤིག་མངོན་ཡོང
༡
ཉིན་དེར ཁྱོད་དང་ང་ཡི་དྲ་བའི་མིག་མདངས་འཕྲད་རྗེས
རྒྱུས་མེད་པའི་ཕན་ཚུན་གཞན་ཡིག་གི་ཁ་བརྡའི་ཁྲོད
ཁྱོད་ཀྱིས་བདག་གིས་ལོ་མང་ཉར་བའི་དྲ་སྒང་དུ་མགྲོན་པའི
དམིགས་བསལ་བའི་རྒྱུ་མཚན་དང་གཏན་ཚིགས་བགྲོས་རྗེས
ཁྱོད་ཀྱིས་སྔར་བཞིན་རྒྱུས་མེད་པའི་ངོ་པགས་གྱོན་ནས
གྲགས་འགུལ་ཅི་ཡང་མེད་པར་ཆུ་བོའི་ཕར་རོལ་སོང
ངས་ཀྱང་ངོ་མི་ཤེས་པའི་ཞྭ་མོ་གོན་ཏེ་ཆུ་བོའི་ཚུར་ངོགས་སུ་ཡོད
དེ་ནི ཉི་མ་དང་ཟླ་བའི་བར་ཐག་ཅིག་ཡིན་སྣང་འཆར
༢
ཉིན་དེར ཁྱོད་ཀྱིས་འཚག་མི་ནུས་པའི་ལས་དོན་རིགས་ཤིག་གིས
བདག་གི་གཙང་བོའི་ཟླ་ངོས་སུ་བཞག་པའི་བག་ཆགས་ཀྱིས
རང་དབང་མེད་པར ངས་འཚོ་སྟངས་ཀྱི་ཁ་དོགས་པར་དུ་བཏབ་སྟེ
ཆུ་བོའི་ཕར་ངོས་ཀྱི་ཁྱོད་ལ་རེས་ཀྱིས་བཏང
ཁྱོད་ཀྱིས་ཀྱང་ཕ་ཡུལ་གྱི་མཛེས་པ་མཚེར་བ་མེད་པར་ང་ལ་བཤམས
དེ་ལྟར རྒྱས་ཆེ་བའི་ཆུ་བོ་དགུན་གསུམ་གྱི་སྦུབས་སུ་ནུབ་སྟེ
དཀར་མདོག་གིས་འཚེར་བའི་དར་གྱིས་ཆུ་བོ་ཡོངས་སུ་བཀབ
དེ་ནི མཚན་མོ་དང་འུག་པའི་བར་ཐག་ཅིག་ཡིན་སྣང་འཆར
༢༠༢༢ ༡༠ ༢༠
འུག་པ་གླེང་མཁན།
— སྙན་ངག་པ་ཁུ་བྱུག་སྔོན་མོར་བྲིས།
སེམས་ཀྱི་གཤོག་པས་སྟོང་དབྱིངས་སུ་ལྡིང་སྐོར་གྱིས
ཕལ་བའི་འུག་པ་ཞིག་གིས་ཐེག་པའི་མཚན་མོའི་སྤྱི་བྱེ
ཟླ་བ་གཙང་ངོས་སུ་ཤར་བའི་མཚན་མོའི་མུན་པ་རེ་རེ་ལ
འབྲོང་རྒོད་ཀྱི་རུས་གོག་འཐོར་བའི་ལོ་རྒྱུས་རེ་རེ་བཏགས་ཡོད
༡
ལྡིམ་མྱུར་བའི་གཤོག་པ་ཁྱོད་ཀྱི་སེམས་ལ་ཐོགས་པ་ཡིས
མུན་པ་ཁོ་ནར་གསོན་པའི་ཕལ་བའི་འུག་པ་ཞིག་གིས
ཉི་མས་ཀྱང་མི་ཐེག་པའི་མཚན་མོའི་སྨག་ནག་གི་གཙང་བོ་འདི
མིའི་བློ་གྲོས་ཀྱིས་མི་ལྕོགས་པའི
ཡང་ཟོར་དང་ལྡན་པར་གོམ་པས་གཞལ་ཐུབ་པར་བྱས
འདིས མི་ཚོགས་ཀྱི་སེམས་པའི་འོད་མདངས་ཁྱོད་ལ་ཕྱོགས་ཤིང་
མིའི་ཞལ་ངོས་ན་བདོ་བའི་སོ་ཕྲེང་ཁྱོད་ལ་ཕྱོགས་པར་གྱུར
འདི་ནི ཡིད་ཀྱི་མེ་ལོང་ནམ་མཁའ་བཞིན་དྭངས་པས་ལོས་ཡིན་ནོ
༢
སྟོང་པའི་ནམ་མཁའ་ན་ཟླ་བ་རང་དབང་གིས་ཤར
གཙང་ངོས་སུ་ཟླ་བ་རྫུ་འཕྲུལ་གྱིས་ཤར
འོན་ཀྱང འོད་ལམ་ལམ་བྱེད་པའི་རླབས་ཕྲེང་ངོས་ཀྱི་ཟླ་བ་རེ་རེ་དང
ཟླ་བ་ཁོ་ནར་དབང་བའི་མུན་པ་རེ་རེའི་སྣེ་རུ
གསལ་མི་ཐུབ་པའི་འབྲོང་རྒོད་ཀྱི་རུས་གོག་འཐོར་བའི
ལོ་རྒྱུས་དང་མཆི་མའི་ཐིགས་པ་རེ་རེ་བཏགས་ཡོད་པས
ཁྱོད་ཀྱི་ལུས་སྟེང་ན་འཚེར་བ་འོད་མདངས་གཅིག་པུ་ག་ལ་ཡིན
འདི་ནི སེམས་པའི་ཡར་ཁོག་ན་གངས་ཀྱི་འོད་ཟེར་འཕྲོས་པས་ལོས་ཡིན་ནོ
༢༠༢༢ ༡༠ ༢༡
མདུད་པ་དང་ནམ་མཁའ།
མདུད་པའི་འུར་མཐིལ་བཅུགས་པའི་ནམ་མཁར
དྲེག་པ་ཆགས་པའི་སྤྲིན་ཚོགས་རླབས་ཕྲེང་བསྒྲིགས
ཤེལ་གྱི་ནམ་མཁའ་མཐོང་བའི་མི་དག་གིས
རི་དྭགས་ཚོགས་པའི་རི་ནས་མཆི་མ་ཡང་ཡང་འབྱོ
༡
སྡིག་པ་དཀར་པོ་བསགས་པའི་རྟག་པར
མདུད་པའི་འུར་མཐིལ་བཙུད་པའི་ནམ་མཁའ་གཅིག
ས་གཞིར་དྲུམས་པའི་ལྕགས་དང་རྡོ་བ་སྟོང་གི་དྲེག་པ
མདུད་པ་ཁོ་ནའི་ནམ་མཁའི་ཁྲོད་ཆགས་ཡལ་བྱས
དུས་ཚོད་ཡང་བསྐྱར་འཁོར་ཡང
སྡིག་པ་དཀར་པོ་ཞིག་གིས
དྲེག་པ་ཆགས་པའི་ནམ་མཁའ་མདུད་པའི་མཐིལ་ན་ལུས
འདི་ནི སྡིག་ཉེས་ཀྱིས་མདུད་པའི་དྲེག་པ་ཆགས་སྟངས་ཤིག་གོ
༢
མཚན་མོ་འཛད་པའི་ལྷིང་འཇགས་ཀྱི
ཤེལ་གྱི་ནམ་མཁའ་མཐོང་བའི་མྱི་དག་གིས
དྲེག་པ་ཆགས་པའི་མི་ལ མདུད་པ་ཟ་བའི་མི་ལ
ཡིད་སྨོན་ཟད་པའི་སྙིང་རྗེའི་གྲམ་པ་ནས
ཡང་བསྐྱར་དྭངས་གསལ་གྱི་མཆི་མ་རྒྱུན་མི་ཆད་པས
སེམས་བསྐྱེད་སྟོང་གིས་ཉིན་མཚན་འཚེ་བ་མེད་པར་ཟོས་ཀྱང
ཤེལ་གྱི་ནམ་མཁའ་མཐོང་བའི་མི་གྲངས་གཉིས་གསུམ་ལས་མེད
འདི་ནི ཤེལ་གྱི་ནམ་མཁའ་མཐོང་བས་ཡིད་སྨོན་ཟད་པའི་ལས་སོ
༢༠༢༢ ༡༠ ༢༣
![]() |
|
Signature is customized by Netease