ཕྱིར་དྲན།

    རྩོམ་པ་པོ། འབྲོང་ཚ།


ཕྱིར་དྲན།

   འདི་ནི་རང་རྩོམ«ཕྱིར་དྲན»བཀླགས་རྗེས་སླར་ཡང“དེ་སྒྲ”བརྗོད་གཞིར་བཟུང་ནས་བྲིས་པ་ཡིན།

                    འབྲོང་ཚ།


སེང་འབྲུག་སྟག་རྩེ་ནས

འདས་པའི་མེ་ཏོག་གི་ཁོ་ལག་མ་རྫོགས

མ་འོངས་པའི་མེ་ཏོག་ལ་འདབ་མ་མ་རྒྱས

སྒུག་ཡུན་གྱི་དུས་ཚོད་དེ་དག་གིས

ང་ལ་འཕྱ་སྨོད་ཀྱི་རྒས་གཉེར་གནང་བྱུང

ང་ལ་མཐོང་ཆུང་གི་སྐྲ་དཀར་བསྩལ་བྱུང

 

རྨ་ཆུའི་ཁུགས་སོ་རེ་རེ་ན་ལུས་པའི་འདས་དོན་གྱི་སྣང་བ

རྫ་ཆུའི་དཀྱོག་མཚམས་རེ་རེ་ན་ལུས་པའི་ཕྱིར་དྲན་གྱི་ལང་ཚོ

ད་དུང་བརྗེད་བྱང་དུ་འཁོད་པའི་ལས་ཀྱི་ཁ་ཡིག

ཚེ་ཡི་གླེགས་བམ་ལ་བྲིས་པའི་སྙིང་གི་ནོར་བུ

དུས་ཀྱི་ཟས་སུ་གྲུབ་པའི་སྙན་ངག་རྒས་པོ

ཡོད་ཚད་ནས་ཡོད་ཚད

ཐམས་ཅད་ནས་ཐམས་ཅད

རེ་སྒུག་གི་དུས་ཚོད་དང་འདྲེས་པའི་ཆུ་ཡིས་ཕྱགས་སོང

རེ་འདུན་གྱི་རྨི་ལམ་དང་སྡེབ་པའི་མེ་ཡིས་ཚིག་སོང

 

ད་ལྟ་གནས་འདིར་དགུན་ཁ་བསླེབས་འདུག

གྲང་རླུང་གི་སྤུ་གྲི་ཤིན་ཏུ་རྣོ

བུ་ཡུགས་ཀྱི་འཚུབ་ཁ་ཤིན་ཏུ་ཆེ

ཡིན་ན་ཡང

ངས་སླར་ཡང་དབྱར་གཞུང་གི་སེང་འབྲུག་སྟག་རྩེ་དྲན་བྱུང

དེ་དུས་ཀྱི་མེ་ཏོག་སྣུམ་ཞིང་མངར

སྦྲང་མ་ཡི་་ཚོགས་ཀྱང་དགའ་ཞིང་འགུ

མཆུ་སྒྲོས་ཀྱི་འདབ་མ་ཤིན་ཏུ་མཉེན

རྣམ་ཤེས་ཀྱི་ཕོངས་པོ་ཡོམ་ཡོམ་འདུ

 

དེ་དུས་ཀྱི་ཁྱོད

དེང་སང་ངའི་དྲན་པའི་གཏིང་རིམ་ན

རྨ་ཁ་ལྟར་ལུས་པའི་ཡོད་ཅིང

ངའི་ཚེ་ཕྱེད་ཀྱི་སྙན་ངག་ལ་བརྗོད་གཞི་ཡང་བཟུང་ཡོད

ད་ལྟ་གང་ཞིག་ཏུ་ཡོད་ཅིང

བདེ་མོར་གྱིས་ཤིག

ཤུགས་ཡོད་ཚད་ཀྱིས་འཚོ་བ་རོལ་ཅིག

             2022.1.18

                   རྩོམ་སྒྲིག་པ། འཕགས་མི།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease