ལྷ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།

    རྩོམ་པ་པོ། ནག་རླུང་ཐར།


བཀའ་དྲིན་དྲན་པའི་མགུར་བྱེའུ་ཆུང་མགོ་ལྕོག་ལྡེམ་པའི་གླུ། 

 
                  ནག་རླུང་ཐར།
ངག་འགག་མེད་ལྷ་ཡི་རོལ་མོ་ལས ། །
ཚིག་འཁྲུལ་མེད་བདུད་རྩི་ཕབས་ལེགས་པས ། །
བློ་མ་བཅོས་ཤེལ་གྱི་ལྡིང་ཁང་དུ ། །
དོན་ཡང་དག་བསམ་པའི་མྱུ་གུ་འབུས ། །
དེ་བྱས་པས་དྲིན་ལ་ཡང་ཡང་སོམས ། །
དྲིན་དྲན་ན་བུ་རབས་ཤ་སྟག་གོ ། །
 
རི་དབེན་པ་ནགས་ཀྱིས་མ་བསྐོར་ཡང་། །
ཆོས་ཟབ་མོ་འཐུ་བའི་བྱེའུ་ཆུང་འཁོར། །
དོན་ལེགས་པར་དཀྲལ་བའི་འཇོལ་མོ་གྲག །
འབྲུ་ཇི་བཞིན་གསེད་པའི་ཕུག་རོན་འདུ ། །
གནད་དེ་ལ་གཞིགས་ཏེ་ཡང་ཡང་སོམས ། །
དྲིན་བསམ་ན་ཐོས་བསམ་ལས་ལ་གཞོལ ། །
 
འཆད་རྩོད་ཀྱི་སྦྱང་བ་མཐར་འཁྱོངས་ཏེ ། །
ཐབས་ཤེས་རབ་གཉིས་ལ་གྲི་ལས་རྣོ ། །
དོན་མ་ཆོད་སྒྲོ་འདོགས་གང་ཞིག་ལུས ། །
མི་དེ་ལས་ཡན་ཞིག་ཚངས་པས་ཀྱང་ ། །
ཐབས་སྣ་དགུ་བཏོན་ནས་མ་རྙེད་པར ། །
དབུ་དུད་དེ་བཞུགས་པའི་ཚུལ་ལ་ལྟོས ། །
 
གནས་ཀུན་ཏུ་གསུང་གི་སྒྲ་མཆེད་པས།།
འཁོར་གདུལ་བྱ་སྤང་གི་ཤ་མོ་བཞིན།།
ལར་རྒྱལ་བསྟན་བདོ་བའི་མཐུན་པའི་རྐྱེན།།
གསུང་མ་འབྱོན་ལུས་པ་གང་ཞིག་ལགས།།
དེ་བསམ་ན་རྒྱལ་བྱིན་ཐུགས་དགྱེས་ཏེ།།
ལྷའི་གཙང་ཆུའི་འགྲམ་ནས་བཞད་ལ་ལྟོས།།
 
གཞུང་ལེགས་བཤད་གཉིས་ཀྱི་རི་བརྩིགས་ཀྱང་ ། །
ཉམས་ལེན་གྱི་ཐུ་གུ་ཕྲ་བས་ན ། །
རྣམ་རྟོག་གི་རྟ་ཕོ་ཤོར་ངེས་པས ། 
དུས་རྒྱུན་དུ་དྲན་ཤེས་བག་ཡོད་གསུང་ ། །
གསུང་དེ་ལས་ཡན་ཞིག་བཀའ་བསྟན་ལས ། །
རྗེ་བྱམས་པས་མ་རྙེད་ལུས་ལ་ལྟོས།།
      2019/10/24ཉིན་བྲིས།
     2020/2/21ཉིན་བཅོས།།
 
དྲང་སྲོང་དགྱེས་པའི་གཏམ།
     
ཕྱི་ཉོན་མོངས་སྤྱོད་པ་སྙིགས་མ་བཞིན་དོར་ནས།།
ནང་འདོད་པའི་ནགས་ཚལ་བུད་ཤིང་ལྟར་སྲེག་པ།།
དགྲ་ལས་ཉོན་དྲེག་པ་འགོས་ནད་བཞིན་སྤངས་པའི།།
སྐྱབས་འབྲལ་མེད་མགོན་པོ་དགའ་ལྡན་དུ་བཞུགས་སམ།།
དུག་ལོག་ལྟ་ངན་པའི་སྡོམ་དྲ་རུ་ཚུད་ནས།།
ལས་ངན་ཞེན་ལེ་ལོས་དུས་ཀུན་དུ་བཀྱིག་པའི།།
ང་འཁོར་བའི་ཀློང་གི་འཁོས་ཞན་གྱི་བུ་ལ།།
རྗེ་བླ་མའི་གཉིས་མེད་མཁྱེན་པ་ཡིས་གཟིགས་སམ།།
གཞུང་ལེགས་བཤད་ཐོས་པའི་ཤེས་རབ་ཀྱིས་མ་གཞལ།།
དོན་ཟབ་མོ་བསམ་པའི་ཤེས་རབ་ཀྱིས་མ་བརྟགས།།
སྒོམ་ཞེས་པ་རང་དང་རྒྱང་ཐག་གིས་ཆོད་པས།།
ལས་ངན་ངོན་སྐྱེ་བ་ད་རེས་ལ་ཚོར་བྱུང་།།
གནས་མི་གཅིག་འཁོར་བ་ཟང་ཟིང་གི་ཀློང་ན།།
བདག་བུ་སློབ་ས་ཡི་རྩི་ཐོག་བཞིན་བསྟར་བ།།
ཐུགས་གཡེར་མེད་ལྕགས་ཀྱུས་དུས་ཀུན་ཏུ་མ་གཏོང་།།
མཐུ་གཞལ་མེད་བདུད་རྩི་ཆར་བཞིན་དུ་ཕོབས་ཤིག།
ཞེ་དད་པའི་ཐོལ་བྲིས་ལྟ་མགུར་མ།
 
བློ་རྨོངས་པའི་མུན་པ་འཐིབ་ཙ་ན། ། 
ཁྱེད་མེ་ལྕེར་བརྫུས་ནས་ལྷེམ་ལྷེམ་འབར། །
ཡིད་རྩེ་གཉིས་ཐེ་ཚོམ་གཅོད་དཀའ་དུས། །
ཁྱེད་ཤེས་རབ་གྲི་ཡི་ཚུལ་དུ་བྱོན། །
གཞུང་མཁྱེན་པ་དྲང་ངེས་འབྱེད་ལ་ལྟོས། །
བློ་གྲུང་བ་ཟབ་དོན་བཀྲལ་ལ་ལྟོས། །
 
ལམ་འཛོལ་བའི་དམུས་ལོང་ང་འདྲ་ལ། །
ལམ་སྟོན་གྱི་འཛུབ་མོ་རི་སྟོན་བྱས ། །
ང་ལེ་ལོའི་རྟ་ཕོ་སྒྱིད་ལུག་དུས། །
སྐུལ་མ་ཡི་ཚིག་གི་ལྕག་ཚན་བཞུས། །
དྲིན་བསམ་བཞིན་སྐུ་ཉིད་ཞེ་རུ་འཁོར ། །
ཡིད་མོས་གུས་མཐུ་ཡིས་ཐལ་མོ་སྦྱར། །
 
སྐལ་ལྡན་གྱི་སྐྱེ་བོར་བསྒྱུར་ཆེད་དུ། །
ཡོན་ཏན་གྱི་ལྡེ་མིག་སྩོལ་ཆེད་དུ། །
གཞུང་པོད་ལྔའི་མཛོད་ཀྱི་ཁང་བཟང་ལ ། །
བདག་མེད་དོ་རང་རང་ཐོབ་སྐལ་སོགས། །
ཆོས་འཆད་པ་དབྱར་རྔའི་སྒྲ་ཡི་སྤུན། །
དོན་ཟབ་མོའི་སྦས་དོན་ཁོལ་དུ་བྱུང་། །
      2019/4/14
 
ཁྲུང་ཁྲུང་མོ་ལགས་དྲན་པ། 
 
ཁྱེད་ཉིད་རྒྱང་རིང་ནགས་ཀྱི་ཚལ།།
ཕེབས་སྙིང་བྲོ་འམ་བྲོ་ལགས་ན།།
དབེན་པའི་སྤྱིལ་བུ་ཆུང་ཆུང་དེར།།
ཐུགས་མཉེས་པའི་ཚུལ་གྱིས་བཞུགས་སུ་གསོལ།།
དེ་ཚེ་ལྗོན་ཤིང་སྣ་ཚོགས་ཀྱི།།
དབུ་དུད་པའི་ཚུལ་གྱིས་ཡལ་ག་ལྡེམ།།
ངེས་མེད་རླུང་གིས་མ་བསྒུལ་ཏེ།།
མགྲོན་རྩ་ཆེན་ཕེབས་ལ་བསུ་མའོ།།
 
སྐབས་ཤིག་སྟོང་སང་ནམ་མཁའ་ནས།།
འཁྱུག་ཙམ་གྱིས་ཡོལ་བའི་དབང་གཞུ་དང་།།
སྒོར་དབྱིབས་ཟླུམ་པའི་བཅོ་ལྔའི་ཟླ།།
ཁྱེད་ཞལ་མཚོན་བྱེད་མི་འོང་སྟེ།།
ཆགས་མ་བཞག་མིན་ཏེ་འཇོག་བྱེད་བྲལ།།
 
ཡིད་འབྱུང་བའི་གླུ།
 
རྩི་ཏོག་སད་ཀྱིས་ཟོས་ཟོས་ནས།།
མཛེས་པ་རང་སར་ཞིག་དེ་ཐལ།།
པད་མོ་རླུང་གིས་རྡེག་རྡེག་ནས།།
འདབ་མ་ཆག་གྲུམ་ཤོར་དེ་ཐལ།།
འཇིག་པའི་ཆོས་ལ་ཡིད་གཏད་ཅི།།
ཡིད་འབྱུང་བའི་མོད་ལ་ཕན་པ་ཅི།།
 
ཁྲུང་ཁྲུང་མོ་ལགས་དྲན་པ།
            
ང་བྲག་སྐྱིབས་ཤིག་ཏུ་སྒོམ་ལ་རོལ།།
སྒོམ་མ་ཐུབ་སེམས་པ་རྒྱང་ལ་ཤོར།།
སྡོད་མི་ཚུགས་ལྗོངས་དང་ལྗོངས་རྒྱུར་བྱོལ།།
རྡུལ་དྲེག་པས་མ་བསྒོས་ནམ་མཁའ་དང་།།
སྤྲིན་དཀར་ཆུང་གར་ལ་རྩེན་པ་མཐོང་།།
རྩྭ་འཇག་མས་ལ་གླུ་འཐེན་པ་མཐོང་།།
དེ་མཐོང་བས་མོད་ལ་ཁྲུང་ཁྲུང་དྲན།།
དྲན་ཐག་ཆོད་ཁྲུང་ཁྲུང་མོ་ལགས་དྲན།།
 
དུས་མི་གཅིག་ནམ་ཟླ་སྟོན་ལ་སླེབས།།
ཁྱེད་མི་བཞུགས་གཞན་ཡུལ་ཕེབས་སྐད་ཐོས།།
སེམས་ཨ་ཐང་ཆད་ནས་སྨྲེ་ངག་བཏོན།།
སྡུག་མཆིལ་མ་འཁྲིགས་ནས་སྔས་འབོར་བརླན།།
ཤི་དམྱར་བའི་ན་རག་མིང་ཆེ་ཡང་།།
ལས་འདི་ལས་གཞན་ཞིག་མེད་དོ་སྙམ།།
ང་འཁྲུལ་བའི་འདམ་དུ་ཡང་ཡང་ཟུག།
མཐུ་ཞགས་པས་དྲུད་དང་*དོན་ཀུན་གྲུབ།།
    2020/11/6
      * མཉམ་མེད་ཐུབ་པའི་དབང་པོ་ལ་འཇུག
ལྷ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།
 
གནས་མི་འགྱུར་རི་བོ་གྲུ་འཛིན་དུ།།
དཀའ་སྤྱད་གྱི་སྒོམ་ལ་བཞུགས་མི་དེ།།
འགྲོ་དོན་གྱི་ཚུལ་དུ་བྱོན་མི་དེ།།
སེར་གྱི་ལེར་རྒྱ་མཚོའི་ཕ་གར་བཞུགས།།
སྐུ་ལ་གངས་རིའི་མདངས་ཕོགས་ཤིང་།།
གསུང་འགག་མེད་ཆོས་ཀྱི་གཡེར་དྲིལ་དཀྲོལ།།
ངེས་དོན་གྱི་བླ་མ་སྤྱན་རས་གཟིགས།།
བསམ་ཤེས་ན་རང་རང་སེམས་ན་བཞུགས།།
བཞུགས་ནས་བུ་སློབ་ཆོས་ལ་འགོད།།
མགོན་དེ་ཡིས་སྐྱེ་དགུའི་འགྲོ་བ་ལ།།
བྱིན་རླབས་ཀྱི་ཚན་ཁ་ཤིག་ཤིག་བྱོས།།
 
དབྱངས་ཅན་མ།
                             
གནས་ལྷོ་ཕྱོགས་རྒྱ་མཚོ་རླུང་གིས་གཡོས ། །
སྒྲ་སྙན་འགྱུར་གྲངས་མང་ཀུན་ཏུ་མཆེད ། །
ལྷ་ཚངས་པའི་ཏིང་འཛིན་ཡུལ་བོར་ནས ། །
དེར་མངོན་པར་གཡེང་བའི་ཚུལ་ཡང་ཐོས ། །
གསུང་དེས་ཀྱང་ཁྱེད་ངག་སྙན་པ་ཚོར ། །
རྐྱེན་དེའི་ཕྱིར་བདག་མགྲིན་ཁབ་ཏུ་བཞེས ། །
 
གཞི་མ་བཅོས་ཆོས་ཀྱི་ངོ་བོ་ལ ། །
དོན་ཡང་དག་སྤྲོས་པ་སྣ་ཚོགས་ཕྱེས ། །
ལམ་རིམ་ལྔའི་གནད་ལ་ལེགས་ཞུགས་པའི ། །
དཔལ་རྒྱལ་བ་གཉིས་པ་བློ་བཟང་གྲགས ། །
རྗེ་དེས་ཀྱང་ཁྱེད་ལ་བསྟོད་དབྱངས་འཐེན ། །
ཚུལ་དེའི་ཕྱིར་ཁྱོད་ཉིད་ཀུན་ལས་འཕགས ། །
 
ལག་སོར་བཅུ་འགུལ་ཚེ་སྙན་ངག་བཞུར ། །
དཔེ་གང་འགོད་དོན་དང་འཕར་ཁ་འཕྲོད ། །
གནས་རིག་ལྔར་བྱང་ཆུབ་ནག་མོ་ཁོལ ། །
མི་དེས་ཀྱང་ཁྱེད་རང་སྐྱབས་སུ་བསྟེན ། །
ཚུལ་དེའི་ཕྱིར་འདོད་དགུ་གནང་བ་ཚོར ། །
བུ་རིག་པ་ཅན་ལ་དངོས་གྲུབ་སྩོལ ། །
     2021/2/9
 
དགའ་ལྡན་དགོན།
 
རྣམ་རྟོག་གི་སྒོ་མོ་འབྱེད་ཙ་ན།།
འཆར་ཡན་གྱི་འདབ་མ་རྣམ་པར་གྲོལ།།
དེ་གྲོལ་བའི་རྒྱུ་ལ་ཡང་ཡང་གཞིག།
ཡིན་ཐག་ཆོད་གནས་ཀྱི་བྱིན་རླབས་སོ།།
ནང་ཞོགས་སྔ་རི་ནས་སྨུག་ལོང་འཁྱུག།
ཤིང་ལྗོན་ལོའི་ཡལ་གར་ཉི་འོད་ཕོག།
རྩྭ་རྩི་ཤིང་རྩེ་རུ་ཟིལ་བ་ཆགས།།
ཆུ་རྩི་ཆུའི་བཞུར་དབྱངས་ལྷུང་ལྷུང་སྒྲོག།
མེ་ཏོག་གི་ཚོས་ཁ་དཀར་དམར་དུ།།
བཞད་མི་འདུག་སྟེ་བཞད་པའི་སྣང་བ་སྦྱིན།།
 
ལམ་འགྲམ་གྱི་སྡོང་བོས་ལྗང་ཀྲིག་གེར།།
རབ་གསལ་གྱི་ཁ་རུ་དྲི་ཞིམ་གཏོར།།
ང་འགྲུལ་བའི་མིག་གིས་གཞལ་ཐེངས་རེར།།
ཞེ་བསམ་པའི་གཏིང་ནས་རང་ཡུལ་བརྗེད།།
       ༢༠༡༩/༨/༢ 
                      རྩོམ་སྒྲིག་པ། མྱི་གསར་བ།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease