མུན་པའི་ནང་གི་འོད་ཕྲ་མོ།

    རྩོམ་པ་པོ། མཆོད་མེ།


མུན་པའི་ནང་གི་འོད་ཕྲ་མོ།
 
                         མཆོད་མེ། ཡུལ་ཤུལ།
     བདག་ནི་ནོར་འཁྲུལ་ཞིག་སྟེ།  དམིགས་ཡུལ་དང་འཆར་གཞི་མེད་པར་འཇིག་རྟེན་དུ་སྐྱེས་ལ་ཆ་མེད་རྒྱུས་མེད་ཀྱི་ངོ་གདོང་དང་འཚོ་བར་གཡོལ་དགོས་བྱུང་།  རེ་ཞིག་མུན་པའི་ནང་དུ། ང་ཡིས་གསོལ་འདེབས་བགྱིས་མཁན་ལགས་ནི་འོད་སྣང་ཡིན།
 
བདག་ནི་འཇིག་རྟེན་ག་ལ་བར།།
ཇི་ལྟར་འགྲིམ་པར་རྒྱུས་མངའ་མེད།།
དམིགས་འདུན་བྱེ་མའི་ཀློང་ཡངས་སུ།།
མུན་པའི་གར་ལ་ཞུགས་པ་བཞིན།།
འཇིག་རྟེན་བྱ་བའི་འཁྲུལ་ཁམས་འདི།།
སྒྱུ་མའི་མི་རྟག་གཡོ་ཙམ་བྱེད།།
དེ་མིན་མུན་པའི་གྲིབ་གཟུགས་རེད།།
ཆོ་མེད་འཛུམ་པའི་ཞལ་ངོ་རེད།།
མེ་སྟག་མཆེད་དང་མཆེད་གྱུར་ཀྱང་།།
དེ་ཚོ་མུ་གེའི་ནད་ཡམས་རེད།།
འགལ་འདུ་མཆོག་དམན་འཁྲུག་རྩོད་དང་།།
རྫུན་དང་གཡོ་སྒྱུའི་སྨུག་པ་རེད།།
དེ་རུ་བདག་རང་སྐྱོ་ཞིང་སྐྱོ།།
ཁེར་རྐྱང་བཅའ་བར་ཐེ་ཚོམ་རེད།།
སྐར་མདའ་རེ་རེ་མཐོང་ཕྱིར་དུ།།
གསོལ་འདེབས་ནང་དུ་ཡང་ཡང་ངུ།།
     འཇིག་རྟེན་ནི་དེ་འདྲའི་ཆོ་མེད་དང་རྟག་བརྟན་མེད་པ་ཡིན་ཕྱིན།  ང་རང་དེ་ཡི་འོབས་དོང་ཆེན་མོའི་ནང་དུ་ལྷུང་ཡོད། ཆུང་དུས་ཀྱི་བྱེ་བྲག་གི་ཚོགས་པ་དེ་དག་ལས་ང་ཡི་མི་ཚེ་འཐབ་རྩོད་དུ་ཞུགས་ཚར།  ད་ནི་ང་རང་སླར་ཡང་དཀོན་མཆོག་ཏུ་འགྱུར་བའི་སྣང་བ་མི་འདུག
 
གལ་ཏེ་ཉིན་མོའི་དུས་དེ་འདས་གྱུར་ན།།
ང་རང་དཀོན་མཆོག་ཞིག་ཏུ་གྱུར་བར་འགྱུར།།
དཀོན་མཆོག་འོད་ཀྱི་ཁམས་དུ་བཞུགས་པར་མཛད།།
སྨྱོན་པའི་སྤྱོད་པ་གཅིག་ཀྱང་མྱོང་མ་གྱུར།།
 
གལ་ཏེ་ཉིན་མོའི་དུས་དེ་འདས་གྱུར་ན།།
བདག་ལ་འཚང་མིང་དེ་ཡང་ཐོགས་མི་འགྱུར།།
འཚང་མིང་དེ་ཡིས་སེམས་ཀྱི་དྲ་བ་བཅད།།
དྲ་བ་སེམས་རྩ་རེ་རེ་སྦྲེལ་ནས་འདུག།
 
གལ་ཏེ་ཉིན་མོའི་དུས་དེ་འདས་གྱུར་ན།།
ང་རང་སྤྱོད་པ་དེའི་རིགས་གོམས་སུ་མེད།།
སྤྱོད་པས་དམའ་འབེབ་ཡང་ཡང་གཏོང་བ་དང་།།
ཞེ་སྡང་སྣང་བ་མེ་སྤུངས་འཚུབ་སེ་མཆེད།།
 
གལ་ཏེ་ཉིན་མོའི་དུས་དེ་འདས་གྱུར་ན།།
ང་ཡིས་མཐོང་ཆུང་བྱ་བ་ཤེས་མི་འགྱུར།།།
མཐོང་ཆུང་རེ་རེ་བདག་ལ་བཀོལ་བའི་ཚེ།།
ང་རང་དེ་ཡི་ངོ་བོ་སྤྲུལ་བར་བྱུང་།།
 
གལ་ཏེ་ཉིན་མོའི་དུས་དེ་འདས་གྱུར་ན།།
ང་ཡིས་བརྩེ་དུངས་ངོ་བོ་མྱོང་མི་འགྱུར།།
བརྩེ་དུངས་ལོ་ཟླ་བར་དུ་བསྙལ་བ་ཡི།།
སེམས་སུ་སྐྱེས་པའི་ཚེར་མའི་དུས་ཚིགས་བྱུང་།།
 
གལ་ཏེ་ཉིན་མོའི་དུས་དེ་འདས་གྱུར་ན།།
བདག་ལ་མྱ་ངན་ཅི་ཡང་མེད་པར་རོ།།
མྱ་ངན་ཁྱོད་ཀྱི་ངག་ནས་གྲོལ་བ་ནས།།
ང་ཡི་སྙིང་གི་ཐང་དུ་ཚེར་པར་གྱུར།།

     ང་རང་ཤིན་ཏུ་རབ་ཏུ་ཞུམ་པ་དང་བཅས།  ཕ་མར་གུས་ཞུ་ལས་འཚར་ལོངས་བྱུང་བས་དེ་ཚོ་འཇིག་རྟེན་དེ་དང་འདྲ་བར་བླུན་རྨོངས་དང་ཡི་ཆད་ནང་དུ་མགོ་སྒུར་འདུག  ཕུགས་བསམ་དང་འཆར་གཞི་ཅི་ཡང་མེད་པར་ང་རང་སྔར་བཞིན་མིག་ཆུ་མང་དུ་བྱུང་ཀྱང་།  དེ་ནས་བཙུན་པ་བྱ་བ་སྡེ་ཆུང་ཆུང་ཞིག་ལ་འཕྲད།

 
དེ་ཚེ་བཙུན་པའི་ཉམ་ང་དང་།།
གདོང་གི་མཛུམ་མདངས་ལྷོད་མ་གྱུར།།
ཤར་གྱི་ཕྱོགས་སུ་ཉི་མ་དང་།།
ནུབ་ཀྱི་གངས་རིར་བལྟས་པས་ཟིན།།
མི་ཚེ་ལ་མོ་བརྒལ་བའི་རྗེས།།
ད་དུང་ལ་མོ་ཞིག་ལ་ཐུག།
དེ་རུ་མེ་ཏོག་ཚོམ་བུར་སྐྱེས།།
ངལ་བའི་བློ་ཡང་ཅུང་ཟད་སེལ།།
དེ་ཚེ་མུན་པའི་འོད་ནང་གི།
དམ་ཆོས་ཉི་མ་ཡོད་པ་ཤེས།།
ཨ་ཅག་འཕགས་མ་སྒྲོལ་མ་དང་།།
སྤྱན་རས་གཟིགས་དབང་ཡོད་པ་ཤེས།།
བརྩོན་པའི་གོ་འཕང་ཉམ་མི་ང་།།
ཞི་བདེའི་འཚོ་བ་མེད་མི་འགྱུར།།
བརྩེ་བའི་ལྷག་རོ་མེད་པའི་ངང་།།
ཕན་ཚུན་འཐིམ་པའི་དུས་ཀྱང་ཤར།།
དེ་ནས་སྨོན་ལམ་ཡང་ཡང་བགྱི།།
སྐྱེ་བ་གཞུག་གི་རྟེན་འབྲེལ་བསྒྲིགས།།
རྫུན་པའི་ལམ་ལས་གོལ་བའི་རྗེས།།
བདེན་པའི་རང་དབང་མཐོང་བར་ཤོག།
 
     མི་ཚེ་ནི་དེ་ལྟར་ཆོ་འཕྲུལ་ལྡན་ལ། འཚོ་བ་ནི་སྔར་ལྟར་འགྱུར་བཞིན་པ་འདྲ། སྐབས་དེར་བདག་གི་མུན་པའི་ནང་གི་འོད་ཕྲ་མོ་ཕྲ་མོ་སྦར་བར་མཛད་པའི་སློབ་དཔོན་དམ་པར་ཞུ་བ།
 
འགྲོ་བའི་དོན་དུ་བརྩོན་པས་མཐར་ཕྱིན་པའི།།
གཞན་ཕན་ལྷག་བསམ་བློ་ལ་ཡང་ཡང་བསྐྱེད།།
དོན་ཆུང་འཇའ་ཚོན་ཤར་བར་མ་ཧད་པར།།
མུན་པའི་འོབས་སུ་ལྷུང་ལ་རོགས་དན་མཛད།།
མི་ཚེའི་མཐུ་ཆེན་རབ་ཏུ་བརྒལ་གྱུར་ནས།།
ཚད་མེད་ཡང་དག་ལྟ་བ་རྟོག་པས་གཞལ།།
སྤྱོད་པ་རྣམ་དག་གསེར་རིའི་ཕྲེང་ལྟར་མཛེས།།
དོམ་དམ་ལེགས་གྲུབ་ཅན་ལ་ཕྱག་འཚལ་ལོ།།
 
ཀྱེ་ཀྱེ་བདག་གི་མགོན་པོ་ནི།།
ཉི་ཟེར་བཏེགས་ནས་བྱོན་པ་པོ།།
བསླུ་བྲིད་ཅུང་ཙམ་མ་གོས་པར།།
གཤིས་ཀྱི་མེ་ཏོག་གསོ་བར་འགྱུར།།
གང་གི་ཐུགས་ནི་ནམ་མཁའ་ལས།།
རྒྱ་མཚོ་སྟོང་གི་མཚོན་མི་ནུས།།
སྒྱུ་མའི་སྤྲིན་དཀར་མི་གཡོ་བར།།
ཡིད་དབང་འཕྲོག་པའི་འོད་ཟེར་ཁྱབ།།
ཁྱེད་ཀྱིས་བདག་ལ་ལྟ་རྟོགས་བགྱིས།།
ཚེར་མའི་གཤིས་ཀ་བཞུ་བར་བྱས།།
མི་ཚེ་སྙིང་པོ་སྟོན་མཛད་པ།།
གང་སྐུ་སྔར་བཞིན་འཕྲོ་བར་མཛོད།།
ཁྱེད་རང་འཛུམ་པའི་ཤུགས་དྲགས་ཀྱིས།།
བདག་རང་དགའ་བའི་བག་ཡངས་སྟེར།།
མི་ཚེ་དེ་ལྟར་བཞུད་གྱུར་ཀྱང་།།
ཡངས་པའི་ཁམས་སུ་དྲིན་གྱིས་ཁྱབ།།
ཀྱེ་མ་དུས་ཚོད་སྐད་ཅིག་གིས།།
ཁྱོད་རང་དབུ་སྐྲ་ཞུམ་པར་གྱུར།།
ང་ཡིས་མཐོང་སྣང་ཡོད་ཚད་དུ།།
ཁྱོད་རང་གཞོན་པའི་གཟུགས་བརྙན་ཤར།།
     ཆར་ཆུས་སྤང་ལྗོངས་བརླན་ཞིང་ཁ་བས་རི་ཚོགས་ཀླུབ་པའི་ལོ་ཟླ་རེ་རེར།  གངས་རླུང་བཙན་ས་ནས་གཡུག་ལ་བསིལ་རླུང་འཇམ་ས་ནས་ལྡང་བའི་ཚེ།  མི་ཚེ་སྔར་བཞིན་གཡོ་འགུལ་ནང་དུ་འདུག  ང་ཡི་རྒྱབ་གཟུགས་རེ་རེ་དང་མདུན་ལྗོངས་རེ་རེར།
 
དེ་ཚེ་ནར་སོན་བྱ་བ་དུས་ནི་འཕོ་བར་གྱུར།།
མིག་གིས་འཇའ་ཚོན་དང་ནི་ཁ་བ་མྱངས་པ་གྱུར།།
སེམས་ཀྱང་གདུང་བས་བཙིར་དང་དྲན་པ་རྨས་པར་གྱུར།།
འཇིག་རྟེན་རབ་རིབ་སྨུག་པའི་གར་ལ་བརྒྱུས་པ་གྱུར།།
སང་གི་དུས་ནི་སྐྱ་རེངས་ཁེངས་པའི་ཞོགས་པར་གྱུར།།
དེའི་རྗེས་ནམ་གུང་ཉི་འོད་གམ་དུ་འཕྲོས་པར་གྱུར།།
དགུང་གི་ཟླ་བ་ཡང་ཡང་འཕེལ་བའི་དུས་ཚོད་གྱུར།།
ཁུ་སིམ་དུས་སུ་གཉིད་ཀྱི་བདེ་བ་མྱངས་བར་གྱུར།།
 
ང་རང་ཡུལ་གྱར་བྱ་བའི་ས་ཚིགས་ཞིག་ཏུ་སླེབས།།
འོད་དང་འོད་ཟེར་མང་པོས་ཡངས་པའི་རྒྱལ་ས་སྟོན།།
གྲོང་རྡལ་ཉམ་ང་དེ་ལས་དབེན་པའི་ནགས་སུ་འཚོས།།
བདེ་བའི་བག་མ་རེ་འགའ་རྟ་གླང་དེད་ནས་ཕེབས།།
སྨྱུག་མའི་བུ་ག་མནན་ན་སྙན་པའི་སྒྲ་དབྱངས་ཐོན།།
མུན་པའི་ནང་ལ་བཏགས་པའི་སྐར་མས་ཟློས་གར་བྱེད།།
རབ་རིབ་སེམས་ཀྱི་དྲན་གདུང་དེ་ལས་རྒྱང་ཐག་རིང་།།
ཁེར་རྐྱང་བྱ་བའི་མི་ལ་སེམས་སྔངས་ཅི་ཡང་མེད།།
འོན་ཏེ་རབ་ཏུ་སུན་པའི་བདག་རང་གར་ལ་ཞུགས།།
ནད་དང་ཁ་རླངས་སྟུག་པའི་མི་ཚོགས་ཕྱོགས་སུ་འཚངས།།
ནམ་མཁའི་སྐར་མདའ་སྐད་ཅིག་ཙམ་དུ་འཕོ་ཞིང་ཤི།
ཡང་ཤི་ཡང་སོས་སེམས་དུ་སྡིག་སྒྲིབ་མེ་ཏོག་བཞད།།
ཡང་ན་ཁྱོད་རང་རྟག་པར་བདག་ལ་ཞེ་འཁོན་བྱ།།
རྟོག་བཏགས་མེ་ཏོག་འབྲས་བུ་ཆད་ནས་རང་སར་ཞོགས།།
བྱེའུ་ཆུང་རྒུམ་འབྲུ་འཐུ་ལ་བྲེལ་བར་གྱུར་ཀྱང་རུང་།།
ང་རང་མིག་ཆུ་རྒྱ་མཚོའི་གཏིང་དུ་འཐིམ་བཞིན་འདུག།
ཡང་ཡང་བགད་པའི་སྤྲོ་སྣང་ཡན་འགའ་དེ་དག་རུ།།
སྐྱོ་སྣང་ཐོར་བུ་ཐོར་བུ་སོ་སོའི་སེམས་སུ་སྨིན།།
དེ་རྗེས་བརྩེ་དུང་གཏམ་རྒྱུད་མང་དུ་བརྗོད་གྱུར་ཀྱང་།།
ཁྱོད་ཀྱིས་བསླུ་བྲིད་བྱ་བ་མཛེས་སྡུག་ཞིག་ཏུ་གྱུར།།
     དེ་ལྟར་དགའ་སྐྱོ་ཆགས་སྡང་གི་བུ་ཡུག་འཚུབ་ཅིང་མེ་སྟག་མཆེད་འགྱུར་གྱི་རེ་སྨོན་དྲགས་པོས་མདུན་དུ་བསྐྱོད་པ་ནི་ངལ་དུབ་ཞིག་རེད་ལ།  རྗེས་སུ་ཨུ་ཚུགས་ཀྱི་སྡོད་མཁན་ནི་ཡི་མུག་ཞིག་རེད་འདུག  ཅི་བྱ་གཏོལ་བྲལ་གྱི་སྐབས་དེ་དག་ཏུ་ང་ལ་ཁེར་རྐྱང་གི་སྒྲུང་འཆད་མཁན། རི་མོ་ལྟ་བུ་ཞིང་ཚིགས་ཤིག་ན་རེ། མུན་པའི་ནང་གི་སྐར་མ་དང་ཡི་གེའི་ས་ཁྲ་ནི་བླ་མེད་ཀྱི་མཛེས་སྡུག་གོ མཚར་སྡུག་གོ སྙིང་སྡུག་གོ་ཞེས་གླེང་བས།  ང་ཡིས་གདོང་པ་ཕྱོགས་ནས་གངས་རིར་གསོལ་འདེབས་ཡང་ཡང་བགྱིས།
 
མུ་ཏིག་མུ་ཏིག་སྤྲས་པ་ཡི།།
ཁྱེད་ཀྱི་འོད་ནི་ལྷག་པར་མཛེས།།
སྙིང་སྡུག་བློ་དཀར་གཞུང་དྲང་གིས།།
ཁྱེད་ལ་གསོལ་བ་ཡང་ཡང་བཏབས།།
ང་རང་རྒྱང་དུ་འཚོ་ཞིང་གཞེས།།
ཁྱེད་ཀྱི་སྣང་བས་སྤྲས་པར་གྱུར།།
སྐྱོ་གདུང་རྩིབ་མ་མྱངས་གྱུར་ཀྱང་།།
ཁྱེད་རང་མཚན་མོར་ཡང་ཡང་རྨི།།
རྨོ་མོ་ཞིང་དུ་བཤེགས་རྗེས་སུ།།
ཁྱེད་ཀྱི་འོད་ནི་ལྷག་པར་མཛེས།།
མུ་ཏིག་མུ་ཏིག་སྤྲས་པ་བཞིན།།
ས་ཚིགས་དེ་རུ་ཡང་ཡང་འབར།།
བདག་གི་ཁྱེད་ལ་གངས་རི་འབོད།།
སྙིང་ཁྲག་རྒྱས་པའི་ཀློང་དུ་འཚོ།།
སྐྱོ་གདུང་དེ་ཙམ་མི་མྱངས་བར།།
རྟག་པར་གསོལ་འདེབས་བླ་མེད་བྱེད།།
    དེ་ལྟར་མི་ཚེ་ནི་ས་ཚིགས་རྗེས་མ་ཞིག་ཏུ་ཐུགས་ཀྱི་བར།  ང་རང་གླུ་དབྱངས་ལེན་མཁན་ཞིག་དང་མིག་ཆུ་གཏོང་མཁན་ཞིག་ཏུ་གྱུར། ཚེ་སྲོག་ནི་དམར་པོ་མེ་ལྟར་འབར་གྱུར་ཀྱང་འཚོ་བ་ནི་འཁྱག་པའི་ཆུ་བོ་བཞིན་དུ་ལྟེམ་མེར་ཆགས།  སྐབས་དེ་དག་ཏུ་ང་རང་དུས་ཚོད་ཁོ་ནས་ཐག་གཅོད་བྱེད་པ་དང་ལས་དབང་བྱ་བ་དེར་ཡང་བློ་གཏོོད་བཞིན་ཡོད། དེ་མིན་ད་ལྟ་འཚོ་བ་ནི།
 
ང་རང་གླུ་ལ་ཞེད་པ་མེད་པར་བཅར།།
དེས་རང་ཉིན་མཚན་མེད་པར་བར་སྣང་བསྐྲུན།།
རྒྱུ་སྐར་བྱེ་བ་མང་པོ་ཚོམ་མེར་སྟོན།།
ལུས་ཀྱི་ངལ་དུབ་ཞི་བར་བཀོད་པ་འཐེན།།
སྐྱེ་བ་མང་པོའི་དུས་ཚོོད་གློ་བུར་བཏང་།།
བྲེལ་འཚུབ་མེད་པའི་སྒོ་ནས་ཁྱོ་ཤུག་འཛིན།།
སྐབས་སྐབས་གྱེས་ཤིང་མང་ཆེར་ལྷན་འཛོམས་བྱས།།
དེ་ཡི་དགའ་སྡུག་གཉིས་ཀ་ང་ཡིས་བརྩམས།།
ཁེར་རྐྱང་ཁང་མལ་ནང་གི་སྣང་བ་འདི།།
སྒེའུ་ཁུང་འདིས་རང་གསང་བ་ངང་གིས་བཟུང་།།
ངོ་ཚ་མེད་པར་ཟླ་བ་ཕྱི་ནས་བྲོས།།
ཕྱིར་མིག་ག་ལེར་འཕང་པ་ཅི་ཞིག་ལགས།།
དྲན་གདུང་ས་སྲོད་རིང་མོ་རྒྱང་དུ་ཡལ།།
ཁེར་རྐྱང་མི་ཡིས་པི་ཝང་ད་དུང་དཀྲོལ།།
པི་ཝང་སྙན་པ་མཐར་ཐུག་ཚེ་ལ་བསྲིངས།།
ཁུ་སིམ་འཚོ་བ་རོལ་འདོད་དེ་ལས་བྱུང་།།
 
    ཡུལ་གྱར་བའི་འཚོ་བ་དང་གདུང་བ་ནི་སྐབས་རེར་སྟོང་བསམ་དུ་གྱུར་ལ་ལན་རེར་བསླུ་བྲིད་ཀྱིས་བཀང་།  ཡི་ཆད་དང་མུན་པ་ནི་མཐའ་རུ་དཔྱངས་མི་ཐུབ་པའི་སྒྲ་སྙན་དང་འདྲ།  མུ་གེ་དང་ན་ཚ་ནི་དེ་ལས་ཀྱང་སེམས་ཀྱི་དྲ་བར་འཛིང་བའི་སྲིན་འབུ་ཞིག་དང་འདྲ་བས། ད་ནི་སང་ནི་སང་གི་ཉི་མ་དང་།  གནང་ཉིན་དང་གཞེས་ཉིན་ཟེར་བ་ནི་སྒྲུང་ལྟ་བུར་མ་གཏོགས། ང་ཡི་དུས་ཚོད་དུ་དབང་ངམ་ཞེས་ཡང་ཡང་བཟློག་པར་འདོད།
                 ༢༠༢༡/༡༢/༡ཉིན་ལེགས་པར་གྲུབ།།
                             རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease