བསམ་གཟས་ནས་ཁྱོད་ཚོ་གླེང་ན།

    རྩོམ་པ་པོ། བཙན་པོའི་ཕོ་ཉ།


བསམ་གཟས་ནས་ཁྱོད་ཚོ་གླེང་ན།
 
      བཙན་པོའི་ཕོ་ཉ། ལྷོ་ཁ།
 
༡༽
 
དུས་རབས་ཤིག་གི་ཀྱོག་མཚམས་ནས།
ཁྱོད་ཚོས་ཤེས་རབ་ཀྱི་གོ་མཚོན་ཐོགས་ཏེ།
མྱ་ངམ་ལྟ་བུའི་མཚན་མོ་རེ་རེའི་སྙིང་ཁམས་སུ།
རལ་གྲི་གཙགས་ཏེ་མི་སེམས་ལ་བྱི་དོར་ཐེངས་རེ་གཏོང་དུས།
ཁྱོད་ཚོ་ནི་སུ་དང་གང་ཞིག་ལའང་རྒྱབ་རྟེན་བཅོལ་མ་མྱོང་ལ།
སུ་དང་གང་ཞིག་གི་ལྐོག་གཡོ་དང་ངན་ཇུས་ལ་འཇིག་མ་མྱོང་བའི་མི་བོ་ཁེར་རྐྱང་རེ་རེ་ཡིན།
༢༽
 
ཁྱོད་ཚོར་རྩ་འཛུགས་དང་ཚོགས་པ་ཞིག་གཏན་ནས་ཡོད་མ་མྱོང་སྟེ།
བློ་གཤོག་དང་སྤོབས་པའི་གཏན་ཚིགས་ནི།
ནམ་ཡང་རྣམ་དཔྱོད་དང་ཡི་གེའི་རལ་གྲི་ཁོ་ན་ཡིན།
གཏན་ཚིགས་རེ་རེའི་སྟེང་དུ་བསྟར་བའི་རྣམ་རིག་དང་ཡི་གེ་རེ་རེས། 
འཇིག་རྟེན་འདིའི་དཀར་ཕྱོགས་ཡོད་ཚད་ལ་ངོ་སོ་སྟེར་གྱིན།
ནག་ཕྱོགས་རེ་རེ་ལ་སུན་འབྱིན་དང་འཇིག་དངངས་ཕབ་པར་བྱེད།
དེ་ནི་སུ་དང་གང་ཞིག་གི་ཆེད་དུ་མིན་ལ།
སུ་དང་གང་ཞིག་གི་ཆེད་དུའང་ཡིན།
༣༽
 
མཚན་མོ་རེ་རེས་ཁྱོད་ཅག་ལ་འགེབ་སྲུང་བྱེད་བཞིན་པ་འདྲ་ནའང་།
དོན་དམ་དུ།   ཁྱོད་ཚོས་མཚན་མོ་རེ་རེའི་མུན་སྨག་ཁྲོད་ནས་དཀར་ཁུང་འཚོལ་བཞིན་ཡོད།
ནག་ཕྱོགས་ཀྱི་མི་བོ་ཞིག་འགྱེལ་སོང་ན།   
ཁྱོད་ཚོས་ཤ་བསྔོག་རུས་བསྔོག་གིས་རྒྱུ་མཚན་རྣལ་མ་རེ་བཙལ་ཏེ།
མུན་ཁུང་གི་ཟབ་ས་ན་སྦས་པའི་ངོ་རིས་དེའི་ལྤགས་པ་སེན་མོས་ཐེངས་རེ་བཤུ་ལ།
དཀར་ཕྱོགས་ཀྱི་མི་བོ་ཞིག་འདི་ལྟར་འགྲེང་སོང་ནའང་།
ཁྱོད་ཚོས་གནམ་བསྔོག་ས་བསྔོག་གིས་གནས་ལུགས་གཤའ་མ་རེ་དྲངས་ཏེ།
མཚར་སྡུག་གི་གསང་རྣམ་དེའི་ལྷུག་ཚིགས་རེ་རེ་དཀར་པོ་ཁ་བཏགས་ཀྱིས་བཀྱིག་པར་བྱེད།

༤༽
 
སྐབས་སྐབས་ལ།  ཁྱོད་ཚོ་ནི་རླུང་ཁར་གཡོ་བའི་མར་མེ་དང་འདྲ་སྟེ།
ཤི་མ་གསོན་གྱི་འཐབ་རྩོད་ཁྲོད་ནས་ཞུམ་པ་མེད་པར་ཁྲག་ལམ་རེ་གཏོད་ལ།
སྐབས་སྐབས་ལ།  དཔའ་ངར་གྱི་ཁྲོད་དུ་འགྲེང་བའི་གྱད་མི་ཞིག་དང་འདྲ་བར།
འཇིག་རྟེན་གྱི་མཐོ་ས་དང་མི་སེམས་ཀྱི་ཟབ་ས་ནས་གུས་བཀུར་དང་ཡི་རངས་ཐོབ་པར་བྱེད།
༥༽
 
བསམ་གཟས་ནས་ཁྱོད་ཚོ་གླེང་ན།
ཁྱོད་ཚོ་ནི་འཕུར་ཉེས་ཐེངས་མང་ཐེབས་པའི་རྒོད་པོ་དེ་ཡིན།
ཤི་རྨས་ཐེབས་ཐེངས་རེར་རྨ་ཁ་རང་ཉིད་ཁོ་ནས་གསོ་དགོས་ལ།
དུར་སར་བསླེབས་ཐེངས་རེར་རོ་ལངས་ཐེངས་རེ་རྒྱག་དགོས
                རྩོམ་སྒྲིག་པ། འཕགས་མི།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease