ཟླ་བཅུ་གཅིག་པ།

    རྩོམ་པ་པོ། རྐང་ཐང་བ།


གསར་རྩོམ། སྙན་ངག་དགུ་དང་རི་མོ་བདུན།

                    རྐང་ཐང་བ། བྱང་ཆུབ།
དབྱངས་ཅན་མ།
 
དབྱངས་ཅན་མ
ང་བྲག་ལ་བརྡབས་ཏེ་ཤི་ཚེ
ངའི་ལུས་ནས་འོ་མ་དཀར་པོ་བཞུར་སྲིད
ཁྱོད་ཀྱིས་འོ་མ་དཀར་པོའི་ནང་ལ
ངས་ཁྱོད་ལ་བསྐུར་བའི་འབྲུ་རིགས་གཅོལ་རོགས
དཔྱིད་ཟླ་ཡུན་གྱིས་ཚེས་ན
ལྗང་ནེམ་ནེམ་གྱི་མྱུ་གུ་འབུས་ཡོང  
ཁྱོད་ཀྱིས་ཡུར་མ་ཡུར་ཞོར་ལ་གཞས་འཐེན་རོགས
 2021. 11. 11

ཟླ་བཅུ་གཅིག་པ།
 
ཟླ་བཅུ་གཅིག་པར
རྡོ་བ་རུ་ཡིག་འབྲུ་ལྗང་ཁུ་འབུས
ཡིག་འབྲུ་ལྗང་ཁུ་ལས  འོད་གསལ་ལྷ་ཡི་ཟིལ་བ་འཛུམ  
 
གྲང་ངར་གྱི་དྲོད་ཁོལ་ཡིད་དུ་འོང
 
ཟླ་བཅུ་གཅིག་པར
ལུང་སྲིབ་ཏུ་ཉི་མ་ཟུར་གསུམ་ཤར
ཉི་མ་ཟུར་གསུམ་ལས  གཅིག་བརྒྱད་ཐིག་གི་འགྲོ་ལམ་མངོན
 
གྲང་ངར་གྱི་དྲོད་ཁོལ་ཡིད་དུ་འོང
 
ཟླ་བཅུ་གཅིག་པར
རལ་གྲི་འཛིན་པའི་ཁྱོད་རང་སླེབས
2022. 11. 11 སྒོ་སྲུང་ཞོར།

ཉིན་ཐོ།
 
རྩེད་འཇོའི་བར་ནས་མིག་ཤེལ་བཅག
Eཡི་ཁ་འཁོར་ཕྱོགས་རབ་རིབ་མག་མོག་རེད
སྤྱི་རྒྱ68. 9ལ་ཐོན་འདུག
ཇ་ཕོར་ལ་ཚ་གྲངས་གཞལ་ན་དམར་པོ་འཆར་འདུག
ལོ་མ་གཉིས་ཐོ་གཏུག་ན  ང་ཁྱོད་ལ་གླན་པ་དང་འདྲ
སོ་ནངས་རྒྱུན་དུ་བཀྲུས  འཛུམ་སྟོན་ས་མེད
སྨན་ཉིན་རྒྱུན་དུ་འཐུང  ནམ་ཡང་དྲག་སྐྱེད་མེད
ཨ་འདའ་ལ་གོ་འདའ་ལ། གོ་རེ་དམར་རོ།
ཁྱོག་ཁྱོག  ཁྱོག་མ་ལ། ཕ་ཞ་ཕིས་ཞིས།
ཅ་ནེ་མགོ་གི།
? 一?
2011. 11. 8
 

མིང་མེད།
 
ང་ཁྱོའི་ལྟག་རྒྱབ་ཏུ་འགྲེང་བ་ཤེས་བཞིན་དུ
ཁྱོད་ཀྱིས་རྒྱང་རིང་གི་རི་ཟོམ་ལ་དར་སྐུད་ལྗང་ཁུ་འཐེན
རི་ཟོམ་གྱིས་སྨུག་སྤྲིན་གྱི་ནུ་བར་དུ་མགོ་བོ་བཏང་བས
ཁྱོའི་འབྱམས་ཀླས་ཀྱི་རི་ཀླུང་དང
ཉིན་ཐོའི་ནགས་ཚལ་མཆིས་སོ་ཅོག་མེ་ལ་ཤོར
 
ཁྱོད་ངུ་ཤུམ་གྱིས་ཁ་ཕྱིར་འཁོར་བ་ན
ཁྱོས་ང་འགྲེང་ཡོད་པ་རྟོགས་ལ  གློ་བུར་དུ་ངུ་མཚམས་བཞག་སྟེ
ང་ལ་མཚམས་སྤྲིན་དང་སྐར་མའི་རོལ་དབྱངས་སྦྱིན
 
ངས་ཁྱོའི་ལག་པ་ནས་འཇུས་ཏེ
སོག་མའི་རྣང་ཞིང་དང་ཆར་ཆུའི་སྐྱེད་ཚལ་དུ་འགྲིམས
ཁྱོད་ཤིན་ཏུ་ཐང་ཆད་ཡོད་ནའང
སྤྲོ་དགའི་དམར་མདངས་ཀྱི་མེ་ཏོག་མིག་ཟུང་དུ་བཞད
 
ངའི་མཆུ་སྒྲོས་ཀྱིས
སྡོང་བོ་ལ་འོ་བྱས་ཚེ   སྡོང་བོའི་མགོ་བོ་སྒུར་ཏེ་འདུག་ལ
ལོ་མ་ཐམས་ཅད་ལྗང་ཁུར་གྱུར་ཏེ
མཉེན་ཞིང་འཇམ་པར་གནས
2021. 11. 8
 

མཚན་ལྷ།
 
ད་ཐོན་བྱུང
ལྡེ་མིག་གིས་སྒོ་འབྱེད་ཀྱིན་ཡོད
ཡིན་ཡང  ཁྱོའི་སེམས་ངས་ཕྱེས་མ་ཐུབ་ཐལ
དེ་ནི་ང་སྒོ་ཕྱིར་ཡོད་པ་དང་འདྲ
ཁ་བ་འབབ་པའི་མཚན་མོའི་སྒོ་ཕྱིར་ཡོད་པ་དང་འདྲ
 
ངས་ཁྱོད་ལ་འཆར་ཡན་གྱི་རུས་མིང་བཏགས
ངས་ཁྱོད་ལ་སྙན་ངག་དྲུག་བཅུ་བྲིས
ཁྱོད་ཀྱི་མཚན་གཞུང་གི་གཙང་པོར་ང་ཡང་མཆོངས
ཁྱོད་ཀྱི་རྒྱང་རིང་གི་མཚམས་སྤྲིན་ལ་ང་ཡང་འཐག
 
ཁྱོད་གང་ན་ཡོད
ངས་སྟོད་རྫ་རི་ལ་ཁྱོད་གར་ཡོད་དྲིས་ཀྱང
ངས་སྨད་མཚོ་མོ་ལ་ཁྱོད་གར་སོང་དྲིས་ཀྱང
ངས་ཁྱོད་རྙེད་མ་བྱུང  
 
ངས་ཁྱོད་རང་དྲན
ཆར་ཆུའི་ཁྲོད་ནས་སྡུག་བསྔལ་བཀྲུས་པ་ཨེ་དྲན་ནམ
ལྭ་བ་དཀར་པོ་གྱོན་པའི་ངང་བ་ཁྱོད
མིག་ཟུང་བཙུམས་ནས   གྲག་མེད་འགུལ་མེད་ཀྱིས
རང་བྱུང་ཁམས་ལ་འཐིམས་པ་ཨེ་དྲན་ནམ
 
ངས་ཁ་བ་ལ་རེག་པར་མི་ཕོད
རེག་ཚེ  ཁ་བ་ཞུས་ནས་མི་སྣང་བར་འགྱུར་བར་དོགས
བར་ཐག་ནི་མནར་གཅོད་ཀྱི་མཛེས་པ་ཞིག་ཡིན་ནམ
རྒྱུད་སྐུད་དཀྲོལ་ཚེ་མིག་ཆུ་བཞུར་འགྲོའམ
2022. 11. 7
 

སྙིང་བོ་མི་འདུག
 
ཚོན་གྱི་ནང་ལ་ཚོན་བསྲེས་ནས་མྱི་བྲིས་ན་སྙིང་བོ་མི་འདུག
མཚན་གྱི་ཐོག་ལ་ཉིན་སྤད་ནས་བཟི་རུ་བཅུག་ན་སྙིང་བོ་མི་འདུག
བུད་མེད་ཅིག་གི་རྗེས་སུ་བུད་མེད་གཞན་ཞིག་ལ་སེམས་གཏམ་བཤད་ན་སྙིང་བོ་མི་འདུག
 
ཤ་ཡི་རིན་གོང་དང་རྡོ་སོལ་གྱི་རིན་གོང་ལ་སེམས་འཁུར་མི་བྱ
དེ་དགོང་གི་ཁ་བ་འདི་དུས་ཡུན་ག་འདྲ་ཞིག་ལ་འབབ་མིན་ཡང་ཚོད་དཔག་མི་བྱ
རང་ཞིང་གི་མི་ལ་ཏོག་ནད་འགོས་མིན་ཡང་སེམས་ཁྲལ་མི་བྱ
 
ཁ་སྤུ་བཞག་ན་མི་ཡག་པར་ལབ་ཀྱང་ཨུ་ཚུགས་ཀྱིས་འཇོག་རྒྱུ་ཡིན
སྙན་ངག་བྲིས་ན་མི་མཛེས་པར་བཤད་ཀྱང་ཨ་འཐས་ཀྱིས་འབྲི་རྒྱུ་ཡིན
རྐང་ཐང་གིས་སོང་ན་གང་གི་རྗེས་སུ་མི་ཆོད་པར་གླེང་ཡང་མཁྲེགས་འཛིན་གྱིས་འགྲོ་རྒྱུ་ཡིན
 
ད་ནི་ངའི་སོག་སྲིབ་ན  ངས་ཁྱོད་དྲན་གི
མཚན་གྱི་ཁ་བ་བརྒལ་ནས
ཁྱོད་ཕྱོགས་སུ་ཆས་པར་བྱ
2021. 11. 6
 

སེམས་རྟེན།
 
ང་ཁྱོའི་ལག་རྟེན་བྱ་འདོད།
རྒྱུ་མཚན། ཁྱོའི་ལག་པ་ང་ལ་འཁེན་ངེས།
 
ང་ཁྱོའི་ཇ་ཕོར་བྱ་འདོད།
རྒྱུ་མཚན། ཁྱོའི་མཆུ་སྒྲོས་ང་ལ་གླན་ངེས།
 
ང་ཁྱོའི་འབྲི་དེབ་བྱ་འདོད།
རྒྱུ་མཚན། ཁྱོའི་སྙིང་གཏམ་ང་ལ་བྱོ་ངེས།
2021.11.4

བར་ཐག
 
ངའི་རྐང་རྗེས
ཁྱོད་ལ་བཏིང་བའི་འཆར་ཡན་གྱི་ལམ་བུ་ཡིན་ཡང
ཁྱོད་ཀྱིས་ངའི་རྐང་རྗེས་སུ་རྒྱང་རིང་བླུགས
རྒྱང་རིང་གི་རྫིང་བུར
མཚམས་སྤྲིན་དང  གྲང་རླུང  
མུན་པ་བཅས་ཀྱི་ཚོན་རྫས་བཏབ་ནས
རང་ཉིད་སྦངས  རང་ཉིད་ཀྱིས
ཚ་བེར་བེར་ངང་དངན་པ་འཐེན
དེའི་ཕྱིར  ང་ཁྱོད་དང་གཤིབ་ནས
འགུལ་བཞིན་པའི་བྱ་དངོས་ལ་འཕྲིན་ཡིག་བསྐུར
ནམ་མཁའི་ཤེལ་ལེབ་ཏུ་སྤྱི་མཚན་རི་མོ་བྲིས
2022. 10. 18

89
 
ང་མི་ལྟོགས་ཀི
རླུང་འཐུང་ན་སྐོམ་སོད་ཀི
ཁེར་རྐྱང་དང་མུན་པ་ཟས་ན་ལྟོགས་སོད་ཀི
 
ང་མི་གྲང་གི
ཁྱོད་ཀྱི་ལྷག་བསམ་གྱོན་ན་དྲོས་ནས་ཡོང་གི
ཁྱོད་རང་རི་མོར་བྲིས་ན་སྐྱོ་སྣང་མེད་ཀི
 
ཁྱོད་ཀྱི་ཉིན་ཐོའི་གསེང་ལ
ངའི་མིང་འདི་འཇུག་གིན་ཡོད་དམ
ཁྱོད་དང་ལྷན་དུ་ཉལ་མི་ཐུབ་ཀྱང
ངའི་མིང  ཁྱོའི་ཡི་གེ་དག་གི་བར་ནས་ཉལ་དུ་འཇུག་རོགས
2021. 11. 7

                  རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease