མཚན་མོའི་བཞུར་སྒྲ།

    རྩོམ་པ་པོ། མིག་ཡོར།


མཚན་མོའི་བཞུར་སྒྲ།


                 མིག་ཡོར།


 

ས་སྲོད་དེར།

ངས་མཚན་མོའི་བཞུར་སྒྲ་ལ་མཉན་ནས།

བློས་མི་ཐོང་བའི་མི་ཞིག་ལ་བསམ་བློ་བཏང་ནས་བསྡད།

 

གཡེལ་དྲིལ་གྱི་སྒྲ་དབྱངས་ལྟ་བུའི།

ཁུ་སིམ་མེར་གྲག་འགུལ་ཅི་ཡང་མེད་པའི།

མཚན་མོ་དེར།

རྨིས་མ་ཚར་བའི་རྨི་ལམ་མང་པོ་ཞིག་དང་སླར་ཡང་འཕྲད།

 

ངས་ནང་སེམས་མཚོན་བྱེད་དུ་ཕ་ཡུལ་གྱི་རི་ཆུ་ཐང་གསུམ་རྨིས།

རྟ་ནོར་ལུག་གསུམ་རྨིས།

 

སྐབས་དེར།

རང་ཉིད་དང་བསྡེབས་ནས་བཞུར་སོང་བའི་མཚན་མོ་གྲངས་མེད་པ་ཞིག

ལོ་ཟླ་ཞིག་གི་ཕྱིར་དྲན་དུ་གྱུར་འདུག་པ་རྟོགས།

                2021/8/17

ཐོལ་བྲིས།

 

 

བར་ཐག་གིས་སྦྲེལ་བའི་དུས་ཚོད་འདིར།

ངས་སུ་ཞིག་གི་ཆེད་དུ།

ནང་སེམས་ཀྱི་སྒེའུ་ཁུང་ཕྱེས་ཏེ།

ཟླ་བ་ཁོ་ནར་ཅེར་ནས། ཡུན་རིང་ཞིག་ལ་བསྡད།

 

རེ་བ་དང་ཡིད་ཆེས་བོར་བའི་དུས་ཚིགས་འདིར།

སྐབས་རེར།

བདག་གིས་དྲན་སྣང་ཡོད་ཚད་མེ་རུ་སྦར་ནས།

ཅི་བྱ་གཏོལ་མེད་དུ་གྱུར།

                    2021/8/16

 

ཆར་བའི་ནང་གི་རང་ཉིད།

                   

དོ་ནུབ།

ཆར་བ་བབས་དྲགས་པས།

ངས་ཆར་བའི་ནང་ནས།

ཆར་གདུགས་འཛིན་དགོས་པའང་བརྗེད་འགྲོ།

ཆར་བས་རང་ཉིད་བརླན་འགྲོ་བ་ཡང་བརྗེད་འགྲོ།

 

དོ་ནུབ།

ཆར་བ་ཤིན་ཏུ་བབས་ན་ཡང་།

ངོ་མི་ཤེས་པའི་མི་དག་གིས།

སྔར་བཞིན།

ཆར་བའི་ནང་ནས།  རང་ཉིད་འཚོལ་བཞིན་འདུག

 

དོ་ནུབ།

ཆར་བ་བབས་དྲགས་པས།

ངས་ཆར་བའི་ཡང་སྙིང་རྟོགས་དགོས་པ་ཡང་བརྗེད་འགྲོ།

ཆར་བའི་ནང་གི་རང་ཉིད་ཁེར་རྐྱང་ཡིན་པའང་བརྗེད་འགྲོ།

                                    2021,8,24

མིང་མེད།

 

འཇམ་ཅག་གེར་གནས་པའི་མཚན་མོ་འདི།

མི་རྣམས་ཀྱི་རྨི་ལམ་གྱི་ཞིང་ཁམས་ལྟ་བུར་གྱུར། 

འུ་ཐུག་པའི་སེམས་པ་འདི་ཡང་།

གཉིད་དུ་ཡུར་བའི་མཚན་མོར་ཕྱོགས།

 

གློ་བུར་དུ།

བརླན་ཆགས་པའི་སེམས་པ་འདི། 

དབུགས་ཆད་ནས་སྨྲ་བ་ཡོད་ཚད་འགག་སོང་ན་ཡང་།

མི་རྣམས་ཀྱིས།

འཆི་བར་བསམ་བློ་མི་གཏོང་བར། 

མཚན་མོ་ཁོ་ནར་ཕྱོགས།

                        2021/8/9

                  རྩོམ་སྒྲིག་པ། འཕགས་མི།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease