དབྱངས་ཅན་མའི་བསྟོད་པ་སྙན་ངག་དབྱངས་ཀྱི་ཌཱ་ཀི་མ་ཞེས་བྱ་བ།

    ཐོར་བུ། དཀར་མཛེས།


དབྱངས་ཅན་མའི་བསྟོད་པ་སྙན་ངག་དབྱངས་ཀྱི་ཌཱ་ཀི་མ་ཞེས་བྱ་བ།


                   ཐོར་བུ། དཀར་མཛེས།


ཨེ་མ་ལྟོས་དང་མཚོ་ལ་ལྟོས།།

མཚོ་ནི་མེ་ལོང་སྔོན་པོ་འམ།།

ནམ་མཐའི་གཟུགས་ནི་མེ་ལོང་དུ།།

ཤར་བ་འམ་སྟེ་ནམ་མཁའ་ཉིད།།

ཞུ་སྟེ་གནས་འདིར་འཁྱིལ་བ་གང་།།

 

ཨ་ཧོ་ལྟོས་དང་མཚོ་དེའི་སྟེང་།།

འདབ་མ་སྟོང་ལྡན་པདྨའི་སྟེང་།།

དབྱངས་ཅན་མ་ནི་གར་སྟབས་ཀྱིས།།

ཟླ་གདན་དཀར་ཞིང་སྔོ་བའི་སྟེང་།།

ཡི་གར་འོང་བར་བཞུགས་པ་ལ།།

བསོད་ནམས་མེད་པའི་མིག་གིས་ནི།།

ལྟ་མི་བཟོད་པར་མི་འདུག་གམ།།

 

ཡིད་འོང་ཚིག་གི་སྙན་ངག་ནི།།

ཆར་ནི་སྟོན་སྤྲིན་ཕུང་པོ་སྟེ།།

དབྱངས་ཅན་ཞལ་ནས་ཆལ་ཆིལ་འཇོ།།

དེ་ལ་ཐིམས་ལའི་བདག་གི་སེམས།།

འཇམ་མཉེན་དབྱངས་ཅན་ལག་པར་རེག།

དེ་ཡིས་བདེ་དགའི་ཏིངའཛིན་གྱིས།།

མྱོས་ན་ཡོངས་སུ་མྱོས་འགྱུར་ཏེ།།

བདག་གིས་བདག་ནི་ཡོངས་སུ་འབོར།།

 

ཨེ་མ་ཁྱོད་སྐུའི་ཡོན་ཏན་གྱི།།

ཆ་ཤས་ཀྱང་ནི་བརྗོད་པར་དཀའ།།

 

ཁྱོད་ཞལ་པདྨ་གསར་བར།།

མིག་གཉིས་བུང་བ་ལྡང་བས།།

རྒྱལ་རྣམ་དགྱེས་ཏེ་བཟི་ན།།

བདག་ནི་ཅི་ལ་མི་བཟི།།

 

མཇའ་མཉེན་ཕྱག་སོར་ཡང་མོས།།

རྒྱུད་སྐུད་ལ་ནི་རེད་དུས།།

དེས་ཀྱང་ཆགས་པའི་སྐད་ཀྱིས།།

སྙན་ངག་ལན་སྟོང་གྱེར་ན།།

ཁྱོད་ཀྱིས་ང་ལ་རེག་པས།།

ངས་ཀྱང་སྙན་ངག་ལོས་འབྲི།།

 

དམའ་དམའ་ལྟེ་བའི་བུ་གར།།

དྲི་བཟང་འདོད་པ་དགུ་འཕེལ།།

འདོད་ལྡན་རླུང་གིས་ཁུར་བར།།

བདག་གི་མྱོས་ཙམ་བྱས་པས།།

ལོ་དང་ཟླ་ཙམ་མིན་པར།།

ང་ཡང་བདེ་བས་བཟི་སོང།།

 

དཀར་ལ་ཟླུམ་པའི་འོ་འཛིན་ནི།།

ག་ལེར་འགུལ་བ་ཙམ་གྱིས་ཀྱང་།།

མཁའ་ཡི་ཉི་མ་འདོད་པས་གདུང་།།

ཁ་ཆུ་ཉིད་ནི་དབྱངས་ཅན་གྱི།།

ལུས་སྟེང་བཞུར་བ་སུས་མི་གོ།།

 

མཆི་སྒྲོ་པདྨ་འགུལ་ཙམ་གྱིས།།

ས་འདི་ཡོངས་སུ་མ་ཚིམ་པར།།

ཉིད་ཀྱི་མཐའ་ནི་ལྷུན་པོ་དང་།།

རི་བོ་དག་གིས་ཡོངས་བསྐོར།།

 

ནག་ལ་སྣུམ་པའི་སྐྲ་དེ་འང་།།

ཕྲག་སྟེང་འཁྱིལ་བར་ལ་ལྟོས་དང་།།

དེ་ནི་མེ་ཏོག་ལུང་བའི་ནང་།།

རླུང་བུ་ཅུང་ཙམ་སྐྱོམ་མཚུངས།།

 

འགྲོ་བའི་ཡིད་སེམས་མདངས་འཕྲོག་མ།།

ཁྱོད་ཀྱི་ཡོན་ཏན་ཤ་ཆས་ཀྱང་།།

བདག་གི་བརྗོད་པ་ཤིན་ཏུ་དཀའ།།

                       2021/6/11

                  རྩོམ་སྒྲིག་པ། བསམ་འགྲུབ་རྒྱལ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease