ཚོར་ཤུལ་ཨུཏྤལ་དཀར་དམར།

    རྩོམ་པ་པོ། ཁྲག་གདོང་།


ཚོར་ཤུལ་ཨུཏྤལ་དཀར་དམར།
 
                     ཁྲག་གདོང་། དཀར་མཛེས།

 
ནམ་ཟླ་གྲང་གིན་གྲང་གིན་དགུན་ཟླ་དང་འདྲིས་སོང་།།
ཞི་བའི་དབྱངས་རྟ་རིང་མོ་རྒྱང་རིང་དུ་འཁྲེང་དུས།།
འཆར་སྒོ་ལས་ཀྱིས་ཚོར་བ་ཅི་འདྲ་ཞིག་མྱོང་སྐབས།།
འུ་ཅག་ཕལ་བའི་ལས་ལ་ཚོར་འདུ་ཡིས་བཏབ་ཀྱང་།།
དགའ་བའི་ཉམས་ཀྱི་རི་མོ་ཕྱོགས་ཀུན་ཏུ་མཛེས་པ།།
འདི་ནི་ཞེན་ཆགས་ཟིན་པའི་ཚོར་ཤུལ་གྱི་མདངས་ཤིག།
སྨིན་པའི་ལོ་ཟླའི་མཐའ་རུ་ཡལ་རྒྱུ་རང་མེད་ཨང་།།

མཐའ་ཡས་འཕྲིན་པའི་འོག་ཏུ་ཉིན་རེ་རེར་བྲིས་ནས།།
ཞིབ་ཆའི་ངག་རིག་མེ་ཏོག་རིམ་པ་བཞིན་རྒྱས་སྐབས།།
ལས་འཕྲོ་འདུན་མའི་ཚིག་ལ་དུས་ཡུན་གྱིས་འཁྱུད་ཚེ།།
མཐའ་མེད་སེམས་ཚོར་རིང་མོ་ཐོལ་བྱུང་དུ་དྲན་དུས།།
ཡང་སྙིང་མེ་ཏོག་སྣ་ཚོགས་མཐའ་རྒྱ་ལ་བཞད་མོས།།
ངག་གི་དབྱངས་འགྲོས་ཟབ་མོ་ཁེར་གླེང་དུ་གྱུར་ནས།།
འཚོ་བའི་ས་སྲོད་ཁྲོད་ནས་འཛུམ་པ་ཡང་འཁྱིལ་བྱུང་།།
ལས་སྐལ་སྨོན་ཚིག་སྟོང་གིས་སྣང་བ་རང་འཕྱོ་འདོད།།

ངག་རིག་དྲི་ཟའི་གླིང་བུ་ཡུན་རིང་ནས་འབུད་སྐབས།།
བརྗེད་མེད་ལས་ཀྱི་ཁྱིམ་གཞིའི་འོད་ལམ་ནས་ཚུད་པ།།
སྣང་བ་མཐའ་ཡས་འདི་ལ་ཞེན་ཆགས་ཀྱིས་སྦོང་ཡང་།།
རྨི་ལམ་ཟ་ཟིའི་འགྲམ་ནས་སྐྱིད་དུས་དང་འཛོམས་ཚེ།།
མཐའ་མཇུག་ཚེས་པའི་ནམ་ཟླ་ཡིད་ངོས་སུ་དབེན་པ།།
འདི་ནི་ཚོར་ཤུལ་བརླན་པའི་བརྗོད་མེད་ཅིག་ཡིན་ཨང་།།

བག་ཆགས་ཟབ་མོའི་སྨྲེང་བ་རྒྱང་རིང་དུ་བསྐུར་ནས།།
ལྷིང་འཇགས་དཀྲོག་པའི་ཉིན་འདི་སྙིང་དབུས་སུ་ཟུག་པ།།
འཆར་ཡན་རིང་མོ་རིང་མོ་སྣང་བརྙན་བཞིན་འབབ་དུས།།
ལོ་ཟླའི་དགོད་འཛུལ་དག་ཀྱང་དྲན་ཚད་རང་མི་འདུག།
ཚོར་ཤུལ་ཨུཏྤལ་དཀར་དམར་ལས་རླུང་དང་འདྲིས་ཤིང་།།
བརྗོད་བྱའི་འཕྲིན་པ་ཐར་ཐོར་ཞེ་སྙིང་གིས་བཀླགས་པའི།།
འཚོ་བའི་རླབས་རིས་ཡངས་མོ་ཞི་ཚིག་གིས་བརྗོད་ནས།།
མིག་ཟུང་གང་དུ་གཡེང་ན་ལས་མཐུན་ཞིག་མཇལ་བཞག།
 
རང་ཉིད་ལ་བཏབ་པ།

བས་མཐའི་འཚོ་བ་སྐྱོ་སྐྱོ་ནམ་ཟླས་རུམ།།
ཁེར་ཧྲེང་སྲིད་པའི་ཟླ་བས་མཚན་མོ་སྒུག།
ནམ་ཞིག་འཛོམས་པ་ནང་གི་ངུ་དགོད་དེ།།
འཚོ་བའི་ཡང་སྙིང་ལྟ་བུར་བསམ་དུས་རེ།།
ལས་ཀྱིས་སྣང་བ་འགྲིག་པའི་ལས་སྣང་དུ།།
ཡག་གཙང་སྙིང་གི་མེ་ཏོག་དོ་ཟླ་དབེན།།
དེ་བས་ན་ཚོད་ཁྲོད་ཀྱི་ཉིན་ཞག་གཉིས།།
ཆུ་བོའི་སྒྲ་ལ་ཉན་བཞིན་འཚོ་བར་ཆགས།།

འདི་ནི་བརྒྱ་ཕྲག་ལོ་ཡི་འཛུམ་ཞལ་ལས།།
སྐད་ཅིག་སྐད་ཅིག་ནང་གི་རྣམ་པ་དེས།།
ངག་གི་བརྗོད་པའི་དོན་དུ་ཐ་སྙད་ཀྱང་།།
སུས་ཀྱང་བསུབ་ཐབས་མེད་པ་ང་དང་ཉེ།།

ཐ་སྙད་དུ་མས་བཏབ་པའི་འཚོ་བ་འདི།།
རྨི་ལམ་སྣ་ཚོགས་ནང་དུ་ཞི་བའི་འདྲིས།།
ངག་སྒྲོས་དུ་མའི་ཀློང་ནས་ཚིག་ལ་འཁྲེང་།།
ཚོར་འདུ་རླབས་ཀྱི་རི་མོ་ཞིབ་ཀྱིས་བྲིས།།
བསམ་མནོའི་མེ་ཏོག་ཆུན་པོ་སུ་ལ་ཞེན།།
ཁེར་རྐྱང་འཚོ་བའི་ལམ་ལ་བཞུད་པ་ནས།།
འཆར་ཡན་སྨག་ལ་འབྱར་བ་དུ་མ་འགོར།།
ད་དུང་སྐྱོ་སྐྱོའི་སླད་དུ་ཡུན་རིང་འགྲིམ།།
ཕལ་བའི་གློ་སྙིང་དེ་ཡང་སླར་ཡང་རྨས།།
ཚེ་འདིར་ལས་ཀྱིས་གནང་བ་ཡིད་རྟོན་པ།།
བར་སྐོར་ནང་གི་མགྲོན་པོ།

ཁྱེད་ཐག་རིང་ཐག་རིང་ཡུལ་དུ་འཚོ་ན།།
ངའི་སྙིང་གི་ཚ་དྲོད་རླུང་གིས་ཁྱེར་ནས།།
ལས་སྙི་མོའི་རྨི་ལམ་བས་མཐར་རོལ་ཚེ།།
སྲོག་རྗེན་པའི་མདངས་ལ་སྐྱོ་བ་དེད་པ།།
གནམ་སྐར་མའི་འོད་ལ་ཞེ་སྙིང་ཁེན་ཏེ།།
ལས་སྐྱིད་སྡུག་ཟུང་གི་འཚོ་བ་དྲན་ཡོད།།
 
དྲན་ཚིག་གི་སྐུད་པ་ཡང་ཡང་འཐེན་ན།།
བརྩེ་མིག་གི་དཀྱིལ་དུ་སྣང་བ་རུམ་ཚེ།།
ལས་སྐལ་བ་ཟིན་པའི་ཆོ་འཕྲུལ་དེ་ལས།།
ཞེ་ཡུན་རིང་འཁྲེང་སྟེ་ཐུག་འཕྲད་སྒུག་པ།།
སྙིང་དམར་པོའི་བར་དུ་འཛུམ་པ་ཤར་ན།།
ངའི་ལུས་སེམས་གཉི་ལ་དྲོད་ཀྱིས་གང་བ།།

ཁྱེད་རྒྱང་རིང་འཚོ་བ་ང་ཡི་ནད་གཅིག།
དྲན་མིག་ཆུ་དེས་ཀྱང་སྐྱོ་སྐྱོ་གནོང་ནས།།
ལས་ཕལ་བ་འདི་འདྲ་ཡུན་རིང་དུས་ནས།།
སེམས་ཁེར་ཧྲེང་ངང་དུ་བརྩེ་བས་རེག་ན།།
ཚིག་འབྲུ་མ་རེ་རེས་བརྗོད་དོན་ནང་དུ།།
ངའི་འཚོ་བ་ཡོད་ཚད་ཁྱེད་དང་འབྲེལ་བ།།
 
མདང་རྨི་ལམ་ཁྲོད་ནས་སྔོན་གྱི་སྣང་བར།།
ཞེ་ཚོར་བས་ཟིན་ཞིང་དྲན་གདུང་ཚོང་ན།།
ཁྱེད་བར་སྐོར་སྐོར་བར་ལུས་ངལ་ཆེ་འམ།།
ཚིག་སྙན་མོ་མེད་ཀྱང་ཁྱེད་ལ་འབྲི་དུས།།
སྙིང་ལྟེ་བ་དེ་ནས་ཡིད་འོང་མཇལ་ནས།།
ཚེས་བཅོ་ལྔ་ཟླ་བ་ཇི་བཞིན་མཛེས་བྱུང་།།

འདང་སེམས་སུ་ཉར་ནས་ལོ་ཟླ་སྨུག་པོས།།
སྔོན་མཐུན་པའི་མེ་ཏོག་དྲན་ཁར་ཤར་ན།།
ལས་ཆ་འགྲིག་དེས་ཀྱང་ཞེ་སྙིང་གཡོ་ནས།།
རླུང་འཇམ་པོ་ཞིག་གིས་བསིལ་བ་བྱུང་པ།།
ངག་དལ་བུ་ཞིག་གིས་ཚིག་སྙན་ཕུལ་བས།།
རོཊ་བརྩེ་བའི་མེ་ཏོག་དྲན་པར་ཚད་མེད།།
                         2020 11 13
                                   རྩོམ་སྒྲིག་པ། མྱི་གསར་བ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease