ཡིད་ལ་བརྣགས་པ་དེ་ཚོ།

    རྩོམ་པ་པོ། ཚོར་རྐང་།


ཡིད་ལ་བརྣགས་པ་དེ་ཚོ། 

 

              ཚོར་རྐང་། 


 

སེམས་སྐྱོ་ཤས་རུམ་པའི་ཁ་བ་དེ་ཚོ།།

མར་སྣང་བའི་གཞུང་ལ་ཆགས་པ་དེ་ཚོ།།

ཕྱོགས་གར་འགྲོ་མེད་པའི་བྱེའུ་དམག་དེ་ཚོ།།

སྒྲ་དིར་དིར་འཕུར་ཞིང་འགྲོ་བ་དེ་ཚོ།།

གནའ་དབྱུག་དུམ་ཞོན་པའི་ཆུང་གྲོགས་དེ་ཚོ།།

གསལ་ལྷིང་ངེར་ཡིད་ལ་བརྣགས་པ་དེ་ཚོ།།

ལོ་ཟླ་བའི་གསེང་གི་གཏམ་རྒྱུད་དེ་ཚོ།།

ཕྱིར་དྲན་ན་དགའ་ལ་སྐྱོ་བ་དེ་ཚོ།།

ང་སྐྱོ་བཞིན་སྐྱོ་བཞིན་བྲིས་པ་དེ་ཚོ། 

ང་ངུ་བཞིན་ངུ་བཞིན་གླེང་བ་དེ་ཚོ།།

འཕྲད་མ་ཐུབ་རིང་ནས་གདུང་བ་དེ་ཚོ།།

བྲལ་མ་ཐུབ་ཡང་ནས་ངུ་བ་དེ་ཚོ།།

ཁོག་ཡི་ག་འཆུས་པའི་ཉིན་མཚན་དེ་ཚོ།།

མདང་རྨི་ལམ་ནང་གི་ངོ་ཤེས་དེ་ཚོ།།

ཆང་ཨ་རག་འདྲ་བའི་བུ་མོ་དེ་ཚོ།།

གློ་འདྲ་བ་མཆིན་པ་འདྲ་བ་དེ་ཚོ།།

དུས་ད་ལྟ་ཡོད་ན་སྙམ་པ་དེ་ཚོ།།

           ༢༠༢༠/༡༡/༢༡

ཐུགས་སྐྱོ་བ་གཏིང་ནས་སྐྱེས་སམ་ཅི།

     —ཆུང་འདྲིས་YZལ་ཕུལ།

 

གཏམ་སྙིང་གི་གསེབ་ཏུ་སྦས་པ་དང་།།

སྙིང་ལག་པའི་ནང་དུ་བཞག་པ་འདྲའི།།

ཁྱོད་ང་གཉིས་འགྲོག་པའི་ལོ་ཟླ་དག །

མདང་ནམ་སྟོད་དུས་ཀྱི་རྨི་ལམ་བཞིན།།

དུས་ད་ཚོད་སད་རན་ཡིན་ནམ་ཅི།།
 

ལས་ཆུ་མོ་གཤིབ་པའི་ཆུ་ཀླུང་གཉིས།།

མཐར་རྒྱ་མཚོར་འབབ་པ་འདྲ་ན་ཡང་།།

ལས་འཕྲོ་མའི་བཞུར་རྒྱུན་གྱ་མ་གྱུ།།

ཕྱོགས་རྒྱལ་ཁམས་བསྐོར་བའི་མཐའ་མ་ལ།།

སླར་མཇལ་བའི་ལས་སྐལ་ཡོད་དམ་ཅི།།

 

ལོ་ཉི་ཤུའི་འདུ་སྣང་སྐྱོ་ཤས་མ།། 

དོན་ངོ་མར་བློ་ཡིས་མི་ཐོངས་པས།།

རྒྱབ་ནག་ཉེས་ཁུར་བའི་ན་ཚོད་འདིར།།

ཞེ་སྐྱོ་སྐྱོ་ཡིན་པའི་གཏམ་རྒྱུད་དག །

དུས་ད་དུང་སྙིང་དུ་སྡུག་ལགས་སམ།།

 

དོན་རྗོད་པར་འདའ་བའི་འདས་སོང་དག །

ཚིག་ཐ་སྙད་གཉིས་ཀས་མཚོན་མིན་ཏེ།།

ལས་འཕྲལ་དུ་འབྲལ་བའི་ང་རང་གཉིས།།

འདང་གསེར་ནག་མདུད་པ་ཆད་དུས་འདིར།།

ཁོག་སྙིང་ནད་དེངས་མཐའ་ཡོད་དམ་ཅི།།

 

ཁྱོད་དེ་ལྟར་འགྱུར་རྗེས་འདི་ལྟར་དུ།།

ངས་ལེ་ལེན་འཁེང་ར་མི་ཕོད་དེ།།

ཚེ་ད་ཐེངས་འདུས་པ་ལན་ཅིག་འདིར།།

ལས་ལན་ཆགས་ལན་པ་མ་ཡིན་པས།།

ཞེ་འགྱོད་པའི་གདུང་བ་ལྕི་འམ་ཅི།།

 

ཡུལ་འཇིག་རྟེན་སྒྱུ་མའི་ཕོ་བྲང་གི།།

ཚུལ་ཧ་ཅང་འཆོས་པའི་ང་རང་ཅག །

ཁ་མངོན་ལྐོག་ལག་པའི་ཕྱི་ནང་ནས།།

དོན་ནང་ཉམས་ཁྲེལ་ལ་མི་རིང་བས།།

ཐུགས་སྐྱོ་བ་གཏིང་ནས་སྐྱེས་སམ་ཅི།།

 

རི་ཐ་དད་སྟེང་གི་སྤྲིན་པ་གཉིས།།

ལས་ལམ་ཐུག་འབྱུང་རྒྱུ་ཁག་པོ་རེད།།

ལས་ལམ་ཐུག་གལ་ཏེ་བྱུང་གྱུར་ཀྱང་།།

སེམས་སེམས་ངོར་འཕྲོད་མིན་ཁག་པོ་རེད།།

ཁག་ཡོད་མེད་དེ་ལྟ་ཡིན་ནམ་ཅི།།

                  ༢༠༢༠/༣/༡
                     རྩོམ་སྒྲིག་པ། མྱི་གསར་བ། 


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease