ཉི་མ་ལྷ་ས་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།

    རྩོམ་པ་པོ། གྱིན་འདའ་བ།


ཉི་མ
་ལྷ་ས་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ། 
 

                གྱིན་འདའ་བ།  ཁྲི་འདུ།


 

ལྷོ་རྒྱུད་མོན་ཡུལ་འཁྲུངས་བའི་གསེར་གཞུང་གི་སྙེ་མ།།

བསོད་ནམས་འབྲས་བུ་ཆེན་པོ་ལྷ་ལྡན་དུ་སྨིན་ཏེ།།

ལུགས་གཉིས་ཁྲི་ལ་བཀོད་ཀྱང་དགའ་སྐྱོ་རང་མེད་པའི།།

སྐུ་ལུས་གཟི་མདངས་འཁྱུད་པའི་མི་དབང་དེ་དྲན་ནོ།།

 

རྒྱ་ཕུབས་ཁོལ་མའི་ནང་གི་གཉོམ་ཆུང་གི་ཕུག་རོན།།

དུས་ཀྱི་འགྱུར་བག་ཁྲོད་ནས་ཚང་མལ་དུ་ཐེག་དུས།།

ལི་ཐང་དྲན་པའི་མགུར་སོགས་སྙན་ཚིག་ཏུ་བཞེངས་བའི།།

ལྷ་སའི་ཞོལ་དུ་ཉུལ་བའི་ཁེར་རྐྱང་དེ་དྲན་ནོ།།

 

ཉི་མ་ལྷ་སའི་བདེ་སྡུག་སྐྱེམས་ཆང་གིས་བསྙལ་ཞིང་།།

ནོར་བུ་གླིང་གའི་སྐྱོ་གར་ཡར་ཁོག་ཏུ་སྦས་ནས།།

སྐྱེ་འཆི་མཚོ་མོར་འགྲིམ་པའི་ལས་དབང་གི་གྲུ་བ།།

ཕོ་བྲང་དམར་པོའི་ནང་གི་གཉི་ཐིགས་དེ་དྲན་ནོ།།

 

ཕོ་བྲང་དམར་པོའི་ལྷིང་འཇགས་མགུར་གླུ་ཡིས་དཀྲོགས་ཤིང་།།

ཐབ་ཚང་སེར་པོའི་དྲོད་ཁོལ་དབྱངས་རྟ་ཡིས་གསོས་ཏེ།།

དྲན་གདུང་ཚིག་དྲུག་མགུར་མ་ལ་གཞས་སུ་སྐྱོར་བའི།།

བར་སྐོར་གླིང་གི་ཕལ་བའི་གླུ་བ་དེ་དྲན་ནོ།།

 

ལྷ་སའི་ཨ་ཅག་ལྷ་མོའི་དྲན་གདུང་གི་གཞུང་ལ།།

མགུར་གླུ་རིན་ཆེན་ཚིག་གི་མེ་ཏོག་དེ་རྨོ་བཞིན།།

དང་བཟང་དབང་པོ་ཞེས་པའི་སྐོར་ལམ་གྱི་འཁྱལ་པོ།།

ཕོ་སྒོ་རང་གྲུབ་ཡིན་པའི་གསར་ཡག་དེ་དྲན་ནོ།།

 

མི་ཚེའི་བཤུལ་ལམ་རིང་མོའི་དགའ་སྡུག་གི་དབར་ནས།།

འཁྲེང་ཞེན་ཚིག་གི་ཕོ་བྲང་ལྷ་ས་ནས་བཞེངས་ཏེ།།

སྙན་གྲགས་དབྱངས་ཀྱི་བ་དན་ཡ་གླིང་ན་བསྐྱོད་པའི།།

མགུར་གླུ་ཚིག་དྲུག་ནང་གི་གཞས་པ་དེ་དྲན་ནོ།།

 

བདུད་རྩི་ཆང་གི་བཟི་ཁ་ཀོང་གཞས་སུ་བསྙལ་ཞིང་།།

ཡར་ཀླུངས་འཕྱོང་རྒྱས་ཕྱོགས་ལ་དྲན་པ་དེ་འཁོར་རུང་།།

མ་སྐྱེས་ཨ་མའི་འཛུམ་དཀར་སྙིང་དབུས་སུ་སྒོམ་པའི།།

ལྷ་སའི་ལྷིང་འཇགས་དཀྲོགས་པའི་འཁྱར་པོ་དེ་དྲན་ནོ།།

 

ཡུལ་གྱི་དབང་སྒྱུར་བུན་ཟིང་འདམ་རྫབ་ཀྱི་དྲི་ལ།།

སྒྲུན་རྩོད་ཡི་ག་སུན་པའི་ཨལ་སྟོང་ཞིག་འཐེན་ནས།།

གཟན་གྱི་གཤོག་པ་ཐོགས་པའི་ནོར་གླིང་གི་ངང་ངུར།།

ལི་ཐང་ཕྱོགས་སུ་འཕུར་བའི་ཁྲུང་ཁྲུང་དེ་དྲན་ནོ།།

         2021. 1.8 ཉིན་ལྷ་ས་ནས།
             རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease