དབྱར་རྩྭ་དགུན་འབུ།

    རྩོམ་པ་པོ། འཕན་འོ་མཚོ།


དབྱར་རྩྭ་དགུན་འབུ།
 
                  འཕན་འོ་མཚོ།   མཛོད་དགེ།
 
ཟླ་ལྔ་བ་དྲུག་པར་ཐོན་དུས་རེད།།
འོད་ལམ་ལམ་དྲོན་ཐིགས་ལྷུང་དུས་རེད།།
རི་ལ་ལུང་ཁ་དོག་སྔོན་དུས་རེད།།
ཡུལ་འདི་ཕྱོགས་དབྱར་རྩྭ་རྐོ་དུས་རེད།།
གཉེན་ཤ་ཉེའི་ངོ་མདངས་ནག་དུས་རེད།།
ནང་ཕུ་ནུའི་རྩོད་གླེང་མཆེད་དུས་རེད།།
ཕ་ཕྲུ་གུའི་ཁ་ཡ་ཆད་དུས་རེད།།
རུ་སྡེ་བའི་ས་རྩོད་སློང་དུས་རེད།།
ཁྱིམ་བཟའ་མིའི་གླེང་ཁ་བཙན་དུས་རེད།།
འབུ་རྩྭ་བདག་རྫིག་ཉམས་རྔམ་དུས་རེད།།
ཕྱོགས་མགྲོན་པོ་ཉིན་རེར་མང་དུས་རེད།།
ཇག་ཁྲམ་པ་དེ་བས་རྒོད་དུས་རེད།།
མི་ཆ་མེད་གླ་བ་བསྡུ་དུས་རེད།།
མི་ཆ་ཡོད་གོ་བ་རུབ་དུས་རེད།།
 
 
འབུ་ཟེར་ནོ་སྒང་གི་རྩྭ་ཐུར་རེད།།
རྩྭ་ཟེར་ཡང་རིན་གོང་གསེར་ལྟར་རེད།།
རྒྱུ་ནོམ་པ་རྩྭ་དང་བརྗེ་དུས་རེད།།
དེར་བརྗེས་རུང་སེར་སྣ་མེད་དུས་རེད།།
འབུ་ར་གཅིག་སྙིང་ལས་དམར་དུས་རེད།།
འབུ་ར་གཉིས་མིག་ལས་བཙའ་དུས་རེད།།
འབུ་ར་གསུམ་སྲོག་ལས་བརྩི་དུས་རེད།།
ས་ཡོད་ནོ་དེ་ཚོ་ཚོང་དཔོན་རེད།།
ཚོང་ཟེར་ནོ་ཀ་ལྡང་མགོ་དམར་རེད།།
འབུ་ཉོ་ནི་རྒྱ་སྲང་གང་བོ་རེད།།
འབུ་བཙོང་ནི་དེ་བས་མང་དུས་རེད།།
འབུ་རྐུ་ནི་གར་ཡོད་གར་མེད་རེད།།
འབུ་བཙོང་ནི་མགོ་ནག་བོད་པ་རེད།།
འབུ་ཉོ་མཁན་ཕྱི་ཡོང་ཁ་ཆེ་རེད།།
 
 
མགོ་གཡོག་ས་བོད་པ་རང་རེ་རེད།།
དེ་གཡོག་ནི་བར་ཁེ་ཀན་ཚོ་རེད།།
ཁེ་ཟ་ནོ་ཚོང་པ་ཁོ་རང་རེད།།
གྱོང་ཉོ་ནོ་འབུ་རྐོ་འབུ་བཙོང་རེད།།
དུས་དེ་རུ་རིག་རིག་ཚོང་བ་རེད།།
དུས་དེ་རུ་ཉོ་ཉོ་འབུ་ཉོ་རེད།།
དུས་དེ་རུ་བཙོང་བཙོང་འབུ་ཚོང་རེད།།
དུས་དེ་རུ་རྩོད་རྩོད་འབུ་རྩོད་རེད།།
འབུ་རྐོ་མྱི་ཁྲི་རུབ་འབུམ་རུབ་རེད།།
དེ་རུབ་རུབ་ཚང་མ་རི་སྒང་རེད།།
སྒང་དེ་རུ་ས་འབུ་ནུར་ནུར་རེད།།
འབུ་ཉོ་མྱི་བརྒྱ་བཤར་སྟོང་བཤར་རེད།།
དེ་བཤར་བཤར་ཚང་མ་ལམ་མདོ་རེད།།
མདོ་དེ་རུ་ཁྱི་སྤྱང་འདུར་འདུར་རེད།།

             རྩོམ་སྒྲིག་པ། འཕགས་མི། 


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease