༢༠༢༡ ལོ། སྒོ་ཟྭ་མནན་པའི་འོད་ཀྱི་ཁང་བ།

    རྩོམ་པ་པོ། བཙན་པོའི་ཕོ་ཉ།


༢༠༢༡ ལོ། སྒོ་ཟྭ་མནན་པའི་འོད་ཀྱི་ཁང་བ།
 
                   བཙན་པོའི་ཕོ་ཉ།
 
དུས་ཚོད་ཀྱི་ཁང་བའི་ནང་དུ་མིག་ཅིག་ཧྲིག་ཧྲིག་གིས་འགྲོ
རྨི་ལམ་གྱི་སྡུག་བསྔལ་འཁུར་བའི་ཆོས་ཅན་ཉམ་ང་བ
 
ཉེས་ལྟུང་དང་མནར་གཅོད་འཁུར་བའི་གནའ་ཡི་བགྲེས་པོ
བརྩེ་འདང་སེམས་ཀྱི་རི་མོ་སྣ་ཚོཊ་པ་སུ་ཡི་བཤམས་སྟོན་ཁང་ནང་བྲིས་ཡོད
 
ལོ་ཟླ་ཉིན་ཞག་དང་བཅས་པ་སུ་ཡི་བཀོད་སྒྲིག་ཡིན་ན
རྒྱ་ཡན་དུ་ཤོར་བའི་སེམས་པ་དེ་ལ་དཀའ་ཁག་སུ
 
རྨི་ལམ་ཞིག་གྱང་ལྡེབས་སུ་གཡོ་ཞིང་འཕྱོ
རྨི་ལམ་དུ་སྦྲུམ་པའི་སྙིང་སྡུག་མ་འཆོར་ཞིང་སྒེག
 
རི་རབ་ཀྱི་རྩེ་རུ་ཀླུང་རྟའི་དར་ཞིག་ཚུགས་དང
ལོ་ཟླའི་གཙང་བོའི་གཞུང་ནས་མེ་ཏོག་དགོད་ཡོང
 
ཁ་བའི་འདབ་མ་ལབ་རྩེའི་སྒལ་གཞུང་ནས་བྲོ་གར་རྩེན་ན
ང་ཡི་ཁ་ཁོག་གཏིང་ནས་དབྱངས་གསལ་གྱི་མར་རྩམ་འཕྱུང་འོང
 
སྟོང་ལོ་གསར་བ    འོད་ཀྱི་གུར་ཁང་ནང་ན
ང་ཡི་སྙིང་གཏམ་སྟེང་ལ་མ་འོངས་བྲིས་ཡོད

 ལམ།
 
 
ཁང་བ་དེ་ཡི་མདུན་ནས
མིག་གིས་མ་ཟིན་པའི་རྒྱང་རིང་དུ་ལམ་ཞིག་བསྲིངས་འདུག
དེ་ནི་རི་དྭགས་དང་སྒོ་ཟོག་གིས་བྲུབ་པའི་ལམ་བུ་དེ་ཡིན་འདུག
 
རྨི་ལམ་དུ
ལམ་བུ་དེ་ཡི་སྟེང་དུ་ལམ་པ་ཞིག
ཁེར་རྐྱང་གིས་རང་གི་འགྲུལ་བཞུད་ལ་ས་ཁྲ་འབྲི་གིན་འདུག
དམིགས་ས་དེ་གང་དུ་ཡོད     གང་ཞིག་ཏུ་བགྲོད་པར་བྱ
གནས་མོ་ཁེར་རྐྱང་ཞིག་དེ་ཡི་དམིགས་ས་ཡིན་ནམ
ཡང་ན      སྐྱི་གཡའ་བའི་མཚན་མོ་དེ་ཡི་སྡུག་བསྔལ་ཡོད་ཚད
གང་ཞིག་ཏུ་བསྐྱལ་བསམ་མམ
 
 
ལམ    དེ་ཡི་སྣེ་མོར
ཨག་སྐད་ཀྱིས་མཚན་མོ་སྲུང་བའི་འུག་པ་ཁོ་ན
ཁེར་རྐྱང་གི་ཁྲོད་ནས་རང་ཉིད་ཀྱི་འཇིག་རྟེན་བཞེངས་པར་བྲེལ
ཡིན་ནའང    ལམ་ལ་འུག་པའི་རྐང་རྗེས་མི་འདུག
ལམ་ལ་འུག་པའི་གྲིབ་མ་མི་འདུག
ད་དུང    འུག་པའི་བརྩེ་དུང་དང་ངོ་སོ་མི་འདུག
 
སུ་ཞིག་གིས   རི་དྭགས་དང་སྒོ་ཟོག་གི་རྗེས་འདེད་ནས
ལམ་ཞིག་བྲུབ་པར་བྱེད་དུས    རང་གི་སྤོབས་པ་དང་འདོད་རྔམ
ངོ་སོ་དང་སྡུག་ཡུས་ཡོད་ཚད་དེ་ཡི་སྟེང་ལ་བྲིས་སོང
མ་ཟད    མ་ཟད    ཡོད་ཚད་ཀྱི་མིག་ལ
ལམ་བུ་དེ་ཡི་རྒྱ་ཁྱོན་དང་རིང་ཐུང་བཅས་པའི་ས་ཁྲ་བྲིས་སོང
 
འུག་པ་རྒས་སོང    ལམ་བུ་རིག་རྒྱུ་མ་བྱུང
མི་ཚོའི་མིག་དང་སེམས་ཀྱི་རྒྱལ་སྒོར
འུག་པ་དང་དེ་ཡི་ལམ་བུ་བཙུད་ཐབས་མ་བྱུང
 
མཚན་མོ་བསླེབས་སོང    འུག་པ་བསླེབས་རྒྱུ་མ་བྱུང
འུག་པའི་ལམ་བུ   མཚན་སྨག་གི་འཇིངས་སུ
དགུ་ཚིགས་རྒྱལ་མོ་བཞིན     འུག་པའི་རྨི་ལམ་ཁུར་ནས
ནམ་མཁའ་ལ་བཞད་འདུག
 
མཚན་མོ་བསླེབས་སོང    མི་རྣམས་གཉིད་སོང
སྡུག་ཡུས་དང་ངོ་སོ་བྲིས་པའི་ལམ་བུ
མཚན་སྨག་གི་ཀློང་ནས་རིག་རྒྱུ་མ་བྱུང
རྒྱ་ཁྱོན་དང་རིང་ཐུང་གིས་བཅལ་བའི་ལམ་བུ
འུག་པའི་མིག་ལ་ནམ་ཡང་བཙུད་ཐབས་མ་བྱུང
              
རྩོམ་སྒྲིག་པ། རྣོ། 
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease