སྙན་ཚིག་ཅོ་ཀའི་དྲུག་འགྱུར་བརྒྱ་རྩ་མ།

    རྩོམ་པ་པོ། སད་མ།


སྙན་ཚིག་ཅོ་ཀའི་དྲུག་འགྱུར་བརྒྱ་རྩ་མ། 
 

                   སད་མ།   འཇོ་མདའ།

༡ དྲི་གཞོན་དད་པའི་རླུང་བུ་ཡིས། །ལྷོ་ཕྱོགས་འོ་མཚོའི་ཚངས་སྲས་མ། །
གང་སྐུའི་ཁོལ་བུ་བསིལ་བས་ཀྱང་། །མཛའ་བའི་ངད་པ་རབ་ཏུ་ལྡང་། །
 
༢ ཤིན་ཏུ་གདུང་བའི་ཉོན་མོངས་ཀྱིས། །སྲིད་པའི་སྐྱེ་བོར་བརྡེག་འཆའ་བ། །
 ཉེ་རིང་བྲལ་བའི་ཐུགས་རྗེ་ནི། །གསལ་སྣང་ངང་དུ་རྟོགས་པར་ལེགས། །
 
༣ ཡིད་འོང་ཆུ་ཟླའི་གཟུགས་བརྙན་ལ། །སྤྲེ་འུ་མཐུད་པའི་རློམ་སེམས་ཀྱིས། །
 རེག་པ་བྲལ་ཞིང་གཞོན་ནུས་ཀྱང་། །བསླུ་མེད་དཔྱོད་ལ་འཇུག་འདི་གལ། །
 
༤ བསོད་ནམས་ཡེ་གྲོལ་ཀློང་ཡངས་སུ། །འཇུག་པའི་ཐབས་ཤེས་ཕྲིན་ལས་ཀྱིས། །
 བྱད་ལེགས་བཀོད་པའི་ཁོར་ཡུག་ནས། །བྱིན་རླབས་ཨུཏྤལ་ཅི་ཡང་འགོངས། །
 
༥ མི་མཉམ་ཡོན་ཏན་སྒྱུ་འཕྲུལ་ཆེའི། །སྒེག་པའི་མཁའ་ཡི་མཐོངས་ཕྱེས་པས། །
 ཐུགས་གསང་ཕྱམ་མེའི་དྲ་བ་ལས། །བློ་གྲོས་འོད་ཀྱི་རྡུལ་མང་འབེལ། །
 
༦ ཨེ་མ་རྨད་བྱུང་ལེགས་བཤད་གཏམ། །ཐོས་འཛིན་དཔྱིད་དུ་འཇོ་བ་ཡིས། །
 ངག་རིག་མགྲིན་པའི་དབྱངས་སྙན་གྱི། །ཕུན་ཚོགས་ཐེན་པའི་ཆོ་ག་དགེ །
 
༧ མཐོ་རིས་ཡོན་ཏན་བྱེ་བའི་མཛོད། །རབ་རྫོགས་ཆུ་སྟོད་ཟླ་བ་ནི། །
 མི་མཐུན་སྒྲ་གཅན་དཔུང་ཚོགས་ལས། །རྒྱལ་བའི་འགྲོས་འདི་དལ་གྱིས་སོང་། །
 
༨ བུང་ཐལ་འཆེལ་བའི་ལྗན་ལྗིན་དྲིས། །ཀུན་དགའི་ངད་པ་མི་སྦྱིན་མོད། །
 ཡིད་འོང་བྱམས་པའི་རྡུལ་ཙམ་གྱིས། །ངོ་མཚར་འབུམ་གྱི་ཤིས་པ་སྒྲུབ། །
 
༩ སྐལ་བཟང་ལྟེ་འཚལ་གསེར་ཁུ་ཡིས། །འཁྱུད་པའི་ནོར་འཛིན་དབྱིག་གི་ནོར། །
 རི་དྭགས་གླུ་ལ་ཞེན་པ་བཞིན། །ངང་བའི་བུ་མོས་ཕྱོགས་སུ་བཀོད། །
 
༡༠ ལེགས་བཤད་སྙེ་མའི་ཕོན་པོའི་འབྲུ། །བྱུར་བུར་སྤུངས་པའི་ཡེ་ཤེས་ཆེ། །
 ལང་ཚོ་དགའ་མའི་རྩེད་འཇོ་ལས། །ཏིང་འཛིན་གྲོལ་བའི་མེ་ཏོག་བཞད། །
 
༡༡ དུས་ལ་བྱམས་པའི་ཟླ་ཤེལ་གྱི། །འཛུམ་པའི་ག་པུར་བདོ་བྱས་ནས། །
 མཚམས་སྤྲིན་ལི་ཁྲིས་གོས་པ་ཡིས། །ཀུན་དགའི་བསིལ་བའི་རྟེན་དུ་བྱས། །
 
༡༢ རི་དང་ཆུ་བོའི་གྲམ་ངོགས་ཀུན། །རི་དྭགས་གླུ་ཡི་འབབ་སྟེགས་ཀྱི། །
 རི་སྐྱེས་དབྱངས་ལ་འཆེལ་བའི་ཉམས། །སྨྲ་བས་སྤྲུལ་པར་འོལ་མི་དབྱི། །
 
༡༣ ཀུན་ཁྱབ་བྱིན་རླབས་བདུད་རྩིའི་རོ། །རྩོལ་མེད་སྲིད་པའི་བདག་ཅག་ལ། །
 ཀུན་ཉོན་ཡིད་བྱེད་ཚ་བའི་གདུང་། །ཡ་མཚན་སེམས་ལ་ཅི་ཡང་བྱིན། །
 
༡༤ རྨད་བྱུང་ནོར་བུའི་ལྡིང་ཁང་ན། །ཤེས་རབ་རྒྱན་གྱིས་སྤྲས་པའི་རིས། །
 སྐྱེ་རྒུ་མགུ་བའི་ཉམས་སྣང་གིས། །ཤིས་པའི་མེ་ཏོག་ཉུལ་ཞིང་ཉུལ། །
 
༡༥ ཕུན་ཚོགས་པད་མའི་བླ་རེ་ཡང་། །ཞི་བའི་ཏིང་འཛིན་ཆབ་ཀྱི་རྒྱུན། །
 བདེ་སྟོང་ངང་ནས་བྲན་བྱས་ན། །དག་པའི་འོད་གསལ་མཛའ་བ་སྒྲུབ། །
 
༡༦ བག་མེད་ཁྲོས་པའི་སྲིན་མོ་ཁྱུའི། །རྒྱན་རྣམས་བློ་བྲིད་ཡུལ་ཙམ་ལས། །
 རྣམ་གྲོལ་ལམ་གྱི་དཀར་མེ་ཡི། །ཐར་བའི་འོད་ལྡན་ཁྱེད་ཙམ་མོ། །
 
༡༧ ཆོས་ཀྱི་དགའ་སྟོན་ཅོ་ཀ་ཡི། །མགྲིན་པའི་སྙན་ལས་སྒྲོག་གྱུར་ཏེ། །
 གང་ཕན་རྣ་བ་གཏད་པའི་བུར། །སྐལ་བཟང་སྨྲ་བའི་འབབ་སྟེགས་སྙིལ། །
 
༡༨ སྲིད་ཞིའི་སྙན་ཚིག་སྐྱེད་ཚལ་ཀུན། །ཕྲིན་ལས་ཟབ་མོས་འཛིན་འདོད་ན། །
 སྙོམས་ལས་ཐུགས་ཀའི་ཆར་གྱི་རྒྱུན། །ཡུར་བུ་ལམ་ནས་འདྲེན་འདི་ལྟོས། །
 
༡༩ དཀར་འཇམ་དྲི་མས་ཡོངས་བཏང་བའི། །མགྲིན་དབྱངས་སྟང་ཟིལ་སྙན་པའི་དུང་། །
 འབུད་པའི་སྐལ་ལྡན་ཉར་མ་ལ། །ཞེ་ཡི་དོན་པོ་ལེགས་བགྱིས་ནས། །
 
༢༠ ཟླ་མེད་ལྷ་ཡི་རྫིང་རིང་མཐོངས། །ཕྱེས་པའི་དཔྱོད་ལྡན་དབྱངས་ཅན་མ། །
 ཕུན་ཚོགས་མཛའ་བའི་སྐྱ་རེངས་ཀྱི། །དད་འདུན་སྐ་རགས་ངང་གིས་དམ། །
 
༢༡ སྙིགས་བྲལ་འོ་མས་རབ་དཀྲུས་པའི། །ཡིད་འོང་བཞིན་ཟླ་འཛུམ་པ་ཡིས། །
 ལེགས་སྤྱོད་སྐྱེ་རྒུའི་ནམ་མཁའ་རུ། །རེག་པའི་སྣང་བ་འབུམ་དུ་བཀྱེད། །
 
༢༢ སྟོང་ཉིད་གཉུག་མའི་རང་བཞིན་གྱི། །ལང་ཚོའི་གཟུགས་སུ་འགྱུ་བ་ན། །
 རྣམ་གྲོལ་མཐོ་རིས་ཆུ་བོའི་ཀླུང་། །ངོམས་མེད་འཐུང་ལ་ཅི་ཡང་ཕྱིར། །
 
༢༣ བསམ་གཏན་ཁང་བཟང་རྩེ་མོ་རུ། །མཉམ་བཞག་བ་དན་གཡོ་ཙམ་ཉིད། །
 མི་མཐུན་རྨུགས་འཛིན་བང་བ་ཚོགས། །སེམས་ཀྱི་དྲེགས་པའི་སྙེ་མ་ལྷུང་། །
 
༢༤ ལས་ཉོན་ཚང་ཚིང་སྟུག་ལྡན་དབུས། །ཤེས་རབ་མེ་ལྕེ་འབར་བའི་དཔུང་། །
 གཏིང་ནས་ཁྲོས་པའི་དུག་སྦྲུལ་གྱི། །ཟང་ཟིང་སྐྱུགས་པའི་རོ་དང་བྲལ། །
 
༢༥ བྱིན་རླབས་དད་པའི་བསིལ་ཡབ་ཀྱིས། །སྙིང་ལ་བདུད་རྩིའི་དཔལ་སྟེར་ཞིང་། །
 ཏིང་འཛིན་སྒོམ་པའི་བས་མཐའ་ནས། །ཞི་བའི་བག་ཕེབས་ཅི་ཡང་བསྐྲུན། །
 
༢༦ ཉི་ཟླའི་ཁྱིམ་གྱི་དཀྱིལ་འཁོར་ནང་། །རྒྱུ་སྐར་ཚོམ་བུ་བསྲིངས་པའི་ཚེ། །
 སྡུམ་པའི་འོད་ཀྱི་དབུ་མའི་ལམ། །གཅིག་ཏུ་དྲིལ་ནས་སྣང་བར་འགོངས། །
 
༢༧ བདེ་སྟོང་ངག་གི་ལང་ཚོ་ལ། །འཇུག་པའི་བསོད་ནམས་སྙིང་གི་བུ། །
 མ་རིག་བརྟུལ་ཞུགས་ཅོ་འདྲི་བའི། །ཁུ་འཕངས་ཉི་མའི་རྡུལ་གྱིས་རྔུབ། །
 
༢༨ སྙན་པའི་གྲགས་པ་དཀར་པོའི་དབྱངས། །རྩིབས་སྟོང་དྲ་བའི་འཁོར་ལོ་ཡིས། །
 ཡིད་འཕྲོག་གདུགས་དཀར་རྒྱོང་བྱས་ཏེ། །བློ་གྲོས་ཅན་ལ་གྲིབ་བསིལ་ཕུལ། །
 
༢༩ མི་ཟད་དབྱར་གྱི་ཕུན་ཚོགས་ཀྱིས། །འདོད་དགུའི་རེ་བ་ཡོངས་བཅགས་ནས། །
 རྨུགས་ཀྱིས་དཀྲེས་པའི་ཡི་དྭགས་རྣམས། །མྱ་ངན་གྲོང་ནས་བརྒལ་འདི་བཏབ། །
 
༣༠ ཚོར་ཤེས་རྐྱང་བུ་ཁ་དཀར་ནི། །གང་འདོད་རི་ལུང་ཤོར་གྱུར་པས། །
 ཁ་ལོ་བྲལ་བའི་ཟེ་བ་ཡང་། །རླུང་གིས་ལྡེག་སྐབས་སྙན་ངག་བསྒྱུར། །
 
༣༡ རྡོ་རྗེ་དབྱངས་ཀྱི་མགུར་མའི་ཉམས། །རྒྱུད་དྲུག་ལྷན་ཅིག་བྲོད་པས་ཀྱང་། །
 སྣ་ཚོགས་འདུས་པའི་སྐྱེ་བོ་རྣམས། །རི་སྐྱེས་གླུ་ལ་མགུ་བཞིན་བསྲིངས། །
 
༣༢ ཡིད་འོང་དགའ་མ་ལྟ་བྱེད་ལ། །སྨིག་མའི་སྤུ་ཡི་ཉར་མ་ཡིས། །
 འགོག་པའི་ཚུལ་ལ་དྲེགས་ལྡན་དག །རབ་ཏུ་གདུང་བ་ཅི་ཡང་སྦྱིན། །
 
༣༣ འཇའ་ཡི་དྲ་བའི་ལྡིང་ཁང་ན། །དབྱངས་ཅན་ཆུ་ཡི་ལྭ་བ་ཅན། །
 དཀྱུས་རིང་ཨུཏྤལ་ཤོན་བུ་ཟུང་། །སྙན་ཚིག་ཟིལ་བ་འགོད་ལ་བྲེལ། །
 
༣༤ ལང་ཚོའི་ངག་རིག་ས་ལམ་ཆེར། །འཇུག་པའི་བརྡ་གླུ་འཁྲོལ་བར་བརྟེན། །
 རིག་བྱེད་ཚིག་གི་སྒྱུ་རྩལ་ལ། །ལེགས་པར་བཤད་རྣམས་ཡོངས་སུ་གླན། །
 
༣༥ གསང་གསུམ་འཁོར་ལོའི་རེ་ཁཱ་ཡིས། །ཆུ་སྐྱེས་པདྨར་རེག་མཐོང་བས། །
 མེ་ཏོག་གཞུ་ཅན་དཔུང་སྟོབས་ཀྱི། །འདོད་པའི་རྩལ་ཡང་ཞུད་པས་གྱུར། །
 
༣༦ ལྷོ་ཕྱོགས་སྟོན་མཚན་ཟླ་བའི་ཀླུང་། །སླར་ཡང་དྲན་པར་འཛེགས་པ་ན། །
 ཡིད་འོང་མ་དེ་བསིལ་ཡབ་ཀྱི། །འབབ་པའི་རྟེན་དུ་འབྱམས་སུ་ཀླས། །
 
༣༧ དབྱངས་མོ་ཕྱོགས་ཀྱི་སྤྲིན་དཀར་ནི། །ཡུལ་ལ་གཏན་དུ་མི་འཚོ་ཡང་། །
 ཁྱོད་ལ་བརྟེན་པའི་བསིལ་བ ཡིས། །ཀུན་ཉོན་ཚ་གདུང་གཡུང་དུ་བཏང་། །
 
༣༨ ཁྱོད་ཞལ་ཟླ་བ་གསར་བའི་མདངས། །མྱིག་སྤུ་ཉར་མས་འགོག་གྱུར་ན། །
 དེའི་ཚེ་དྲེགས་ལྡན་རྒྱལ་བོ་ཚོགས། །ཁྲི་ལས་འབབ་པ་ཟོལ་ཙམ་མིན། །
 
༣༩ རྣམ་དག་གསེར་གྱི་འཁོར་ལོ་ལས། །བདེ་སྟོང་དབྱེར་མེད་སྐོར་གྱུར་ནས། །
འགྲོ་རྣམས་ཐར་པའི་ས་ལམ་གྱི། །མ་གཅིག་ལྷ་མོས་འདྲེན་འདི་དངོས། །
 
༤༠ ཐུགས་ཀྱི་བརྩེ་བའི་གངས་རི་ལས། །སྙན་འཕྲིན་ཆུ་ཀླུང་དལ་གྱིས་འབབ། །
 ཆུ་ཟོམ་འདྲེན་པའི་བུ་མོ་ཡི། །ཡིད་ཀྱི་རེ་བ་སྐོང་འདི་འཚལ། །
 
༤༡ དེ་ཕྱིར་ལྗགས་ཀྱི་བཅུད་རྩི་ལས། །ཤེད་མོང་ངན་པའི་ལྟ་བ་ཡི། །
 རོ་རྣམས་ཕྱི་རུ་སྐྱུག་པ་ལ། །མགྲིན་གྱི་བུང་བ་སླར་ཡང་ལེན། །
 
༤༢ མ་བཅོས་འཛུམ་པའི་ཁྱོད་ཞལ་ཟླས། །མ་ལྷད་འོད་ཀྱི་ཚེམས་དཀར་སྲུབ། །
 མ་ལུས་སྙིང་རྗེའི་ག་པུར་གསུང་། །མ་གཅིག་ལྷ་མོས་ཀུན་ནས་གཏམས། །
 
༤༣ རིན་ཆེན་རྒྱན་གྱི་མཛེས་པ་ཅན། །སྐྱེ་རྒུ་མགུ་ཞིང་ཡིད་འཕྲོག་མ། །
 སེམས་ལ་འོད་གསལ་ཐོབ་པ་ཡིས། །མི་ཕྱེད་དད་གསུམ་ཅི་ཡང་འབར། །
 
༤༤ བླུན་རྨོངས་སྒྲིབ་པའི་མུན་སྟུག་འདིས། །ས་ལམ་བགྲོད་ལ་འགོག་བྱས་ནས། །
 ཡུམ་དུ་སྒྲུབ་པའི་ལུས་དཀར་མས། །ཤེར་རབ་སྒྲོན་མེའི་སྣང་བ་སྤུངས། །
 
༤༥ ཀྱེ་མ་བློ་གྲོས་འཆལ་བའི་ཚུལ། །ཁྱོད་ཀྱིས་མཐོང་བ་མེད་ལགས་ན། །
 འཇིག་རྟེན་རྨོངས་པའི་གྲོང་ཁྱེར་དུ། །སྐལ་བའི་བར་དུ་རྫོགས་པ་བྲལ། །
 
༤༦ གདོད་ནས་བྱུང་བའི་རྡོ་བ་རྣམས། །རིན་དུ་མཐོང་བ་མང་ན་ཡང་། །
 རྣམ་པར་བྱང་བའི་སྒྲ་དབྱངས་མ། །སུ་ཡིས་འགོངས་མེད་བཞག་ན་ཕངས། །
 
༤༧ གྲོང་དུ་ལྡོམ་པའི་ཁྱི་དག་གི །ཀུ་ཅོ་འདོན་པ་དོན་བྲལ་ཕྱིར། །
 འགལ་དུམ་བྱུང་བའི་རིན་པོ་ཆེ། །འདོར་བ་རིགས་པ་ག་ལ་ཡིན། །
 
༤༨ སྐེད་སྐབས་གཡོ་བའི་ལྡེམ་འགྲོས་ངང་། །དཀྱུས་རིང་ཨུཏྤལ་ཟུར་མིག་ཅན། །
 དེ་ཚེ་དྲང་སྲོང་ཁྱེ་འུ་འགའ། །ཌཱ་ཀིའི་ཆ་ལུགས་རྗེས་སུ་ཞུགས། །
 
༤༩ མཚོ་བྱུང་མཁའ་འགྲོའི་བརྡ་ཡི་གླུ། །སྙན་པའི་མགྲིན་དང་པི་ཝང་དབྱངས། །
 རླབས་ནས་འགྲན་པའི་ངང་མོའི་ཁྱུ། །མཉམ་དུ་རྩེད་འཇོའི་གར་ལས་བླངས། །
 
༥༠ ཡིད་འོང་མཚོ་རྫིང་ལྟིངས་ཀ་རུ། །ཉི་མའི་ཁ་ཆུ་འཐུང་བའི་ཚོགས། །
 ངང་བའི་བུ་མོ་ལུས་དཀར་མ། །སྒུག་པའི་ཉམས་འདི་མཛེས་པ་ལ། །
 
༥༡ འཇའ་རིས་བཀྲ་བའི་དར་གོས་ཅན། །འཁོར་བའི་འདྲེན་བྱེད་འཕྲོག་པའི་རྒྱུ། །
 མི་ཤིགས་གཡུང་དྲུང་རྡོ་རྗེའི་གླུས། །བདེ་བར་གཤེགས་ལ་ཅི་ཡང་གཏོང་། །
 
༥༢ གདམས་ངག་རི་སུལ་མེ་ཏོག་གིས། །བྱམས་བརྩེའི་དྲི་བཟང་ལྷན་སྐྱེས་སུ། །
 འཛིན་པའི་དཔལ་གྱི་ངོ་མཚར་ཀུན། །གཅིག་ཏུ་ན་ཆུང་སྦྲང་མར་ཟུན། །
 
༥༣ མྱང་འདས་ཕུན་སུམ་ཚོགས་པའི་ཆུ། །དྲིལ་བའི་ཡོན་ཏན་གངས་ཀྱི་ཆབ། །
 ངོམས་མེད་འཐུང་བའི་ལས་ཅན་རྣམས། །སྣང་སྲིད་དག་པའི་རང་བཞིན་ཉིད། །
 
༥༤ རྒྱུད་དྲུག་རན་པའི་དབྱངས་ཅན་མ། །རིང་ནས་བྱོན་པར་རེ་གྱུར་ན། །
 པིར་རྩེ་ཆག་པའི་ལག་ལྡུམ་གྱིས། །ཅ་ཅོའི་ཆ་ལང་མོད་ཀྱང་ཅི། །
 
༥༥ མང་ཐོས་རྒྱུ་སྐར་ཕྲ་ཚོམ་གྱིས། །ཤེས་བྱའི་འོད་སྟོང་འབུམ་བཀྱེད་པས། །
 མཐོ་མཚམས་སྲིན་བུ་ཚོགས་དག་ཀྱང་། །མེ་ཚེལ་སྲུང་བའི་གྲལ་དུ་བཀོད། །
 
༥༦ པདྨའི་རལ་བ་འཛིངས་པའི་མཚོར། །ངུར་བ་ཆུ་གཏིང་བྱིང་བའི་ཚེ། །
 འཇའ་གུར་འཁྱོལ་པོའི་ལྷན་ཅིག་ཏུ། །དེ་ཚེ་ཚངས་པའི་སྲས་མོ་བཞུགས། །
 
༥༧ ཨེ་མ་མཐའ་མི་དཔོག་པའི་མཁར། །ཐབས་ཤེས་ཉི་ཟླ་འཛུམ་གྱུར་ནས། །
 འཆི་མེད་ལམ་གྱི་མཚར་སྡུག་གིས། །ཡིད་ཀྱི་ངང་མོ་རྣམ་རྩེན་བསུ། །
 
༥༨ དྲི་ལྡན་མ་ལ་ཡ་ཡི་རླུང་། །མྱང་འདས་ཕྱོགས་སུ་ལྡེག་པའི་ཁར། །
 སྲིད་ཀྱི་གྲཊ་དཀར་གདུགས་དཀར་པོ། །སྙན་པའི་ངང་དུ་ཅི་ཡང་གཡོ། །
 
༥༩ ཡོད་དང་མེད་མིན་གཤིས་ཀྱི་རིར། །སྣང་སྟོང་སྨུག་པ་འཁྲིགས་ཤིང་སྟུག །
 མཁྱེན་དང་དཔྱོད་པའི་བསེར་བུས་ཀྱང་། །ཡུལ་ལ་འཆལ་བའི་ཚད་དུ་བཏང་། །
 
༦༠ རི་སྐྱེས་སྒྲ་དབྱངས་མ་ལུས་ཀུན། །མགྲིན་པའི་ལྕགས་ཀྱུས་འཛིན་བྱས་ཏེ། །
 ཇི་སྙེད་ཆོས་ཀྱི་རྣམ་འཕྲུལ་དག །ཞི་བའི་སྒོམ་པའི་གནས་སུ་བཀོད། །
 
༦༡ འཆི་མེད་དབྱིངས་ཀྱི་གུར་ཁྱིམ་ན། །ལོངས་སྤྱོད་རྩ་ལག་གྲོལ་བའི་ཆར། །
 ཁེངས་པ་ཆེ་བའི་ནོར་འཛིན་མའི། །ལུས་རྣམས་ཡོངས་སུ་བཀྲུས་པ་བཞིན། །
 
༦༢ མཐོན་མཐིང་རལ་བའི་སྐྲ་ཚོགས་ཀྱིས། །ནགས་ཀྱི་ཆུན་པོར་འཁུ་བའི་ཟོལ། །
 ཤིན་ཏུ་དཀྱུས་རིང་སྐྲག་མིག་མས། །ཨུཏྤལ་ཚོགས་ལ་འགྲན་བཞིན་སྣང་། །
 
༦༣ དཔྲལ་བ་དངུལ་དཀར་མེ་ལོང་དཀྱིལ། །རིན་ཆེན་ཐོད་རྒྱན་ལྟ་ན་སྡུག །
 སྨིན་མ་དབང་གཞུའི་དབྱིབས་ལྡན་པ། །གནག་ཅིང་སྣུམ་པའི་ལང་ཚོས་མཛེས། །
 
༦༤ པད་དཀར་ཚེམས་ཕྲེང་བང་རིམ་དབུས། །ལྗགས་ཀྱི་བུང་བ་གཡོ་བཞིན་དུ། །
 སྦྲང་རྩི་འཐོར་བའི་དབྱངས་ཅན་མ། །གཤོག་དབྱངས་ལེན་ཞོར་གང་དུ་རྒྱུ།  །
 
༦༥ ལེགས་བྱས་བས་མཐའི་རི་ཆུ་ཡིས། །ལེགས་པའི་ཚལ་འདི་ཉེར་བསྐྱངས་པས། །
 ལེགས་བཤད་ངག་རིག་གེ་སར་ཚོགས། །ལེགས་པའི་ནོར་གྱི་ཐོད་དུ་བཅིངས། །
 
༦༦ འདུ་འབྲལ་སྒྱུ་མའི་རང་མཚང་ནི། །ཇི་མི་སྙམ་པར་བརྟོལ་བྱས་ནས། །
 ཀུན་རྫོབ་ཚང་ཚིང་སྟུག་ལྡན་པ། །ཤེས་རབ་འཕྲུལ་གྱི་སོ་ལེས་བྲེགས། །
 
༦༧ ཀྱེ་མ་རྨོངས་པའི་ཚངས་ཆེན་དུ། །འོད་ལ་སྤྲུལ་པའི་ལྷ་མོ་ཡིས། །
 སྲིད་པའི་དཀར་མེ་གཟིམས་པ་ན། །སླར་ཡང་སྣང་བས་ཚིམ་པར་བྱེད། །
 
༦༨ རྣམ་རྟོག་བྱ་སྤུ་ཉག་མ་གན། །གཏད་སོ་བྲལ་ཞིང་ངེས་མེད་བསྒྱེལ། །
 ཁྱོད་ཐུགས་རང་རིག་མེ་ལོང་གིས། །ཚེ་ཡི་མགུར་མ་དབྱངས་ལ་སྦྱར། །
 
༦༩ དེ་སྐད་སྙན་དངགས་འཕང་འགྲོ་མས། །གནྡྷ་རྦ་ཡི་དབྱངས་སུ་དྲངས། །
 ལོངས་སྤྱོད་འཁོར་ལོའི་ཞིང་དག་ཏུ། །མི་ནུབ་ཕྱོགས་ཀྱི་སྒྲ་རྣམས་འཇེབས། །
 
༧༠ ཡིད་འཕྲོག་བཞིན་རས་ཟླ་བའི་གོར། །ཚེམས་ཀྱི་ག་པུར་བདོ་གྱུར་ནས། །
 སྙིང་ནང་ཀུ་དའི་ཚོགས་ཀྱི་འཁོར། །ལང་ཚོའི་སྟང་བྱེད་དཔལ་དུ་གྲོལ། །
 
༧༡ འཁོར་གསུམ་རྩེ་མོའི་རྣོ་དབལ་གྱི། །འཕྲུལ་འདིས་བདེ་བ་མི་སྦྱིན་ཡང་། །
 ཞི་དུལ་གྲངས་ཀྱིས་མི་ལངས་པའི། །བརྩེ་བའི་མ་དེ་ཐུགས་ཀར་གནས། །
 
༧༢ འདར་ཤིང་འཁུན་པ་གླལ་གྱུར་པ། །གཅིག་པུར་ཉམ་ངར་རྒྱུ་བའི་སྐབས། །
 སྙན་དངགས་གྲོགས་དེ་ལྷ་མོ་ཡིས། །སྐྱོ་དུབ་སངས་བའི་རྟེན་དུ་བཏང་། །
 
༧༣ དད་པའི་འཁྲི་ཤིང་མ་ལ་ཡར། །སྐྱེས་སུ་བླངས་པའི་ཚིག་རྒྱན་དྲིས།།
 ལྷོ་ཕྱོགས་འོ་མའི་རྒྱ་མཚོའི་ཁར། །ཡོངས་སུ་ཁྱབ་པའི་མཆོད་སྤྲིན་བྱས། །
 
༧༤ ཨེ་མ་སྙིང་ཁོངས་སྣོད་ཡངས་སུ། །བདེ་ཆེན་བདུད་རྩིས་གང་གྱུར་ཏེ། །
 སྙིགས་མའི་རྨོངས་པའི་གཡའ་ཡི་དྲི། །ཕྱི་རུ་ཕྱོགས་ཤིང་ཕྱོགས་ཤིང་གད། །
 
༧༥ ཀུན་དགའི་ངག་གི་རིག་བྱེད་ཚིག །བློ་གསར་མིག་གིས་འབྱེད་ལགས་ན། །
 དྲང་སྲོང་དགྱེས་པའི་མཐུ་འདི་དག །སྒྲ་དབྱངས་རྒྱ་མཚོའི་རླབས་ལས་ཕྱུང་། །
 
༧༦ འཆི་མེད་ཕྱོགས་ཀྱི་གླང་པོ་ལས། །དུད་པའི་བསིལ་བའི་རེག་བྱ་ཡིས། །
 བློ་གསལ་བསྟི་བའི་གནས་ཀྱི་ཚལ། །སྐྱོང་བའི་ངལ་བ་ཁྱོད་ཀྱིས་བླངས། །
 
༧༧ སྒྲིབ་གཉིས་ཡིབ་པའི་བས་མཐའ་རུ། །རི་སྐྱེས་བུ་མོ་ཁེར་ཉུལ་མ། །
 འཁོར་བའི་ཁྱོ་བོའི་ལྕགས་ཀྱུ་ཡིས། །ལན་རེར་འཛིན་པའི་ཟོལ་གྱིས་འགྲོ། །
 
༧༨ མནོག་ཆུང་ཁྲེས་པོའི་ཆུ་རིས་ཀྱི། །གཤིས་ལ་བརྟན་པོ་མི་ཐུབ་ཀྱང་། །
 རྩོལ་མེད་རང་བྱུང་ངག་གི་ནི། །ལྡེག་པ་ཐམས་ཅད་དགའ་བའི་ཡུལ། །
 
༧༩ ཆོས་ཉིད་གངས་ལ་མཇིང་པའི་སྤོར། །ཁྲོས་པའི་དབང་མོ་སེངྒ་ཡིས། །
 འཁོར་བའི་སྦྲུལ་ལ་དམོད་འཆའ་བ། །དེ་ཚེ་དག་པ་རབ་འབྱམས་སྣང་། །
 
༨༠ ཉམས་དགའི་དབེན་པར་ངག་དབང་མས། །གཅིག་པུར་ཏིང་འཛིན་གནས་པ་ཡི། །
 གངས་དང་རྫ་སུལ་རྣལ་འབྱོར་འགས། །རང་བྱུང་མགུར་མ་དབྱངས་ལ་དྲངས། །
 
༨༡ རྒྱུད་དྲུག་གཞུ་མོ་བཀུག་པ་ལས། །ཤེས་རབ་དབྱངས་ཀྱི་སྒྲོ་གཤོག་ཅན། །
 རྨོངས་པའི་གཡུལ་ལ་འཁུ་བས་ཀྱང་། །མདའ་ལྔ་པ་དེར་སྐྱེངས་པ་སྦྱིན། །
 
༨༢ ས་སྟེང་སྐྱེ་བོའི་རྣ་བ་ལ། །སྙན་པའི་སྒྲ་དབྱངས་འཆལ་གྱུར་ན། །
 དེ་ཚེ་མཐོ་ལྡན་མེ་ཏོག་རྣམས། །རིང་ནས་བླུན་པོའི་ཁོར་ཡུག་གྲུབ། །
 
༨༣ བློ་གསར་རིག་པའི་སྐྱེས་མོས་ཚལ། །སྤྲིན་གྱི་བུ་མོས་འཛིན་འདོད་ན། །
 ཡིད་ལ་ཞི་བའི་གྲུ་ཆར་གྱི། །ཐིགས་པ་བརྒྱ་ཡང་འགོད་ལ་བྲེལ། །
 
༨༤ མཐའ་དག་དྲི་ཟའི་འཇིག་རྟེན་གྱི། །དབྱངས་མོས་མགྲོན་དུ་བོས་གྱུར་ན། །
 བླང་དོར་ནས་ཆང་སྙན་པའི་ཚིག །ཁྱོད་ལ་སྐྱེས་སུ་འབུལ་ལ་རེམ། །
 
༨༥ གླུ་གར་མཛེས་པས་འཆི་མེད་ཀྱི། །གྲོང་གི་འཕྲུལ་ལས་ངོ་མཚར་རྙེད། །
 གང་དག་དབྱངས་ཅན་ཟླ་ཞལ་མ། །མཐོང་བས་ཅི་ཞིག་བརྗོད་ནུས་བྲལ། །
 
༨༦ ངག་གི་ས་ལམ་ཆེན་མོ་རུ། །འཇུག་པའི་ཐབས་ཤེས་དང་ལྡན་པའི། །
 ཡེ་ནས་གྲོལ་བའི་ངག་དབང་མས། །བྱིན་རླབས་ཟླ་བོ་གཅིག་ཏུ་ཕུལ། །
 
༨༧ དེ་ཡི་ལྟེ་བའི་འཁོར་ལོ་ལས། །ཨོཾ་གྱིས་མཚན་པའི་རི་མོ་ཡིས། །
 མི་ཟད་བློ་ཡི་གྲིན་པོའི་གཏེར། །ལོངས་སྤྱོད་རྩ་ལ་ཐིག་ལེ་ཤར། །
 
༨༨ ཉི་མའི་རྡུལ་ལས་རབ་འགོངས་པའི། །ཆུ་འཛིན་འོད་ཀྱི་ལྟོ་བའི་ཀློང་། །
 ཁྱོད་ནི་འཇའ་རུ་སྤྲུལ་པའི་མ། །ད་ནས་འཛུམ་ཞིང་འཛུམ་ཞིང་མཐོང་། །
 
༨༩ འཆི་མེད་གོས་ཀྱི་འཕྱང་འཕྲུལ་དང་། །ཁྱོད་བཞིན་མཛེས་པའི་མེ་ཏོག་གིས། །
 རྣམ་རྟོག་བག་ཆགས་ལྡར་ལྡུར་རྣམས། །ལྷག་པར་འཁྲུལ་བ་འཛིན་ནམ་ཅི། །
 
༩༠ འཇིག་རྟེན་སྐོམ་པ་མི་སེལ་བའི། །དབང་ཕྱུག་རལ་བའི་ཆུ་རྒྱུན་ལས། །
 ཁྱོད་ཐུགས་བདུད་རྩིའི་ཐིགས་པ་རེ། །ཡོངས་སུ་འཐུང་བའི་རྒྱུན་འདི་མཆོག །
 
༩༡ བསོད་ནམས་དཔལ་གྱི་བས་མཐའ་རུ། །རི་སྐྱེས་བུ་མོའི་རྩེད་བྲོ་ལྷན། །
 ནང་གི་དེ་ཉིད་མངོན་ཕྱིར་དུ། །དབྱངས་ཅན་མ་ཁྱེད་ཁོ་བོས་བསྟེན། །
 
༩༢ མི་སེམས་སྤྲིན་དཀར་འདུ་འགོད་ནི། །མཁའ་ལ་རྒྱུ་བ་མི་ངལ་ཡང་། །
 རྣམ་རྟོག་འོད་ཀྱི་རླབས་རིས་འདི། །ཁྱོད་ལ་བསྙེན་ནས་འཐོབ་པར་བྱ། །
 
༩༣ ཚོར་ཤེས་རྐྱང་བུ་ཁ་དཀར་ནི། །སུ་ཡིས་ཁ་ལོ་མི་ཐུལ་མོད། །
 འདོ་བ་ཚིག་རྒྱན་སྒ་སྲབ་ཅན། །དེ་ཡང་ཁྱོད་ལ་བསྟེན་ནས་ཁྲིད། །
 
༩༤ འཇོལ་མོ་གདུང་བའི་དྲུག་འགྱུར་དང་། །དཔྱིད་ཀར་བསོར་བའི་ཁུ་ལོའི་དབྱངས། །
 ཁྱོད་ཀྱི་གསུང་དུ་རྣམ་བཏགས་ནས། །རྣ་བས་གཟན་གྱིན་ནགས་སུ་ཉུལ། །
 
༩༥ དེ་ཚེ་ཐོས་འཛིན་དཔྱིད་ཟླ་རུ། །ཚིག་གི་སྦྲང་ཆར་རབ་འཐོར་ནས། །
 སྙན་ངག་ནས་ཀྱི་སྙེ་མའི་ཕོན། །ཚོར་བའི་ལུས་ཀྱིས་སྨྱུགས་ལ་བྲེལ། །
 
༩༦ ཡིད་འོང་གངས་ཀྱི་མེ་ལོང་ལས། །མཁུར་ལ་དམུལ་འཛུལ་མདངས་བྱིན་པའི། །
 ཆུ་ཤེལ་དྭངས་མའི་ཞལ་རས་ནི། །ཡིད་ལ་སྒོམ་པས་འདི་སྐད་གསོལ། །
 
༩༧ འདི་སྣང་མུན་པའི་ཆོ་འཕྲུལ་གྱི། །ནང་གི་དྲན་པ་མངོན་སླད་དུ། །
 སྙན་དངགས་འོད་ཀྱི་མར་མེ་ནི། །པིར་གྱི་སོར་མོས་རྟག་ཏུ་བཏེགས། །
 
༩༨ ཞེ་སྡང་སྦྲུལ་གྱི་ཐིག་ལེ་ལ། །རང་བཞིན་དངངས་པ་སྐྱེ་སྲིད་ན། །
 ཡིད་ཀྱི་ངང་མོར་ཁོ་བོ་ཡིས། །བསྟོད་པའི་ཚིག་ལ་ངང་གིས་མགུ། །
 
༩༩ ཕྲག་དོག་མེ་འོབས་དྲག་པོ་ལ། །གཤིས་ཀྱིས་འཇིགས་ཤིང་སྐྲག་གྱུར་ན། །
 དབྱངས་ཅན་མ་དེ་བདག་གིས་ནི། །མཆོད་པའི་མེ་ཏོག་ཕྱོགས་སུ་བཀྲམ། །
 
༡༠༠ ཡིད་ཀྱི་ངང་མོ་རྣམ་རྩེན་མ། །ཡུན་རིང་བསྟེན་པའི་བྱིན་རླབས་ཀྱང་། །
 ཡིད་འཕྲོག་སྙན་ཚིག་འགའ་མཐོང་བ། །དེ་ཡི་ནང་ནས་ཀུན་ཏུ་རྙེད། །
                                 རྩོམ་སྒྲིག་པ། མྱི་གསར་བ།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease