ཁུ་སིམ། ཞར་བཀོད་གསུམ།

    རྩོམ་པ་པོ ཐོ་རེངས།


གར་སོང་ཆ་མེད་དུ་གྱུར་བའི་མི་ཞིག
ཞར་བཀོད་གསུམ་ཡོད།

                  ཐོ་རེངས། 

ཁྱོད་རང་རྒས་འགྲོ་བ་དེ་ཡིན་ཡང
ངག་ལ་རྨི་ལམ་འཁྱིལ་ནས་འདུག
 
ཁྱོད་རང་དྲོད་མེད་པ་དེ་ཡིན་ཡང
སེམས་ལ་དྲི་ཞིམ་འཐུལ་ནས་འདུག
 
སྐྱེ་བོ་སུ་ཡིན་ཡང
ཁྱེད་ལ་སོ་དཀར་པགས་འཛུམ་ཞིག་བསྟན་ནས་འགྲོ
 
ངས་ཀྱང་དེ་ལྟར་སེམས་དུས
ང་རང་རྩ་མེད་དུ་བཟོ་མཁན་གཉིས་སླེབས་བྱུང
 
རེད    དུས་ཚོད་དང་མེ་ལོང་རེད།

ཁུ་སིམ།
 
ང་ཁྱེད་དང་ཉེ་བར་བཅར་དུས
ཁྱེད་སྔ་མོ་ནས་འཕུར་སྐྱོད་བྱས་ཟིན
དེེ་ནི་ཤོག་བྱ་ཞིག་དང་མཚུངས
ཕྱིར་འོང་མེད་པ་ཞིག་རེད
 
ངས་འཚོ་བ་དང་རྒྱང་རིང་གླེང་དགོས་སྙམ་དུས
ཁྱེད་སྔ་མོ་ནས་ང་དང་གྱེས་འདུག
དེ་ནི་ཆུ་ཡི་ཝུ་བ་ཞིག་དང་འདྲ
རི་མོ་མེད་པ་ཞིག་རེད
ང་རང་དངོས་ནས་ཁྱེད་དང་འབྲལ་དགོས་བསམ་དུས
འཇིག་རྟེན་ལྷིང་འཇགས་ལ་སིམ་སོང་།           
མིང་མེད། 
 
མེ་ཏོག་རིགས་ཤིག
མ་བཏབ་ཀྱང་རང་སྟོབས་ཀྱིས་འཚར་འོང
མེ་ཏོག་རིགས་ཤིག
བཏབ་ཀྱང་སྐད་ཅིག་གིས་ཤི་ནས་འགྲོ
(ཆར་ཆུ་དང་ཉི་འོད་ནི་རང་བྱུང་ཁམས་ཀྱི་ལག་པ་ཡིན)
 
དེ་ལྟར་ནའང
མེ་ཏོག་ཆུང་ཆུང་ཞིག་གི་འཇིག་རྟེན་དུ
ཕོ་མོ་གཉིས་ཕྲད་པའི་ཡིད་འོང་གི་དུས་ཚོད་དང་ནམ་མཁའ་ཤོང་ཐུབ
 
དོན་སྙིང་ནི་སྐད་ཅིག་ཙམ་སྟེ
ཞེ་སྡང་གིས་བཅད་པའི་མེ་ཏོག་ཅིག་གི་རྨི་ལམ་ཇི་བཞིན
ཉམ་ང་བའི་དུས་ཚིགས་ཀྱི་ངོགས་སུ
ཚེ་སྲོག་ཡོད་ཚད་ཞི་འཇམ་གྱིས་འགྱེལ་ནས་འགྲོ།   
 
སྟོན་མཚན་གྱི་གླུ། 
 
སྤྲིན་པའི་ཡང་སྟེང་ན་ཟླ་བ་གཅིག་པུ་འགྲོ
སྐར་ཚོགས་ཁྱོད་དང་ཉེ    ཡུལ་ལུང་མུན་པས་བཀབ    
ལམ་ཕྲན་མེད་ཀྱང་ང་ནི་ཁྱོད་ཀྱི་རྗེས་སུ་འབྲང
སྙིང་གཏམ་བརྗོད་མ་ཕོད
ཨོ    ཁྱོད་ཀྱི་ལག་ཟུང་ཅུང་འཁྱག་ནའང་ཧ་ཅང་འཇམ
སྟོན་མཚན་རིང་མོ་འདིར
ཁྱོད་ལུས་ཀྱི་དྲི་མ་ཞིམ་པོ་དེས་ང་ལ་དྲོད་ཁོལ་བྱིན
 
འཚོ་བའི་ལམ་སྣེ་ན་ཁྱེད་རང་གཅིག་པུ་འགྲོ
ཁེར་རྐྱང་ཁྱོད་དང་ཉེ    ཡིད་སེམས་ངལ་བས་མནར
སྐད་ཆ་ཉུང་ཡང་ང་ནི་ཁྱོད་ཀྱི་གམ་དུ་བཅར
བདེ་སྡུག་འདྲི་མ་ནུས
ཨོ    ཁྱོད་ཀྱི་རྨི་ལམ་ཅུང་ཟད་འཁྲུག་ནའང་ཧ་ཅང་མཛེས
མི་ཚེ་ཐུང་ཐུང་འདིར
ཁྱོད་སེམས་ཀྱི་བརྩེ་དུང་འཇམ་པོ་དེས་ང་ལ་ཕྱིར་དྲན་བསྩལ
 
སྐྱོ་སྐྱོ་མ་གནང་རོགས      
རྒྱང་ལ་མི་གྱེས་རོགས 
ཁྱོད་རང་ལོ་ཆུང    ཁྱོད་རང་སེམས་ཡག
 
སེམས་ནད་ཕོག་པའི་སྨྱོན་པ་ང    ཁྱོད་ཀྱི་ལན་ཆགས་ཁོ་ན་ཡིན།
                    རྩོམ་སྒྲིག་པ། གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease