མེ་འཁོར་གཅིག་གི་ནང་དུ་རྒས་པ།

    རྩོམ་པ་པོ། ཧྲེང་བུ།


དེའི་རྗེས་སུ།

 

         ཧྲེང་བུ།  མགོ་ལོག



དེའི་རྗེས་སུ

མཁར་གྲོང་འདི་ང་དང་འབྲེལ་བ་ཅི་ཡང་མེད་པར་གྱུར


དེའི་རྗེས་སུ

མ་འོངས་པ་ཡང་ང་དང་འབྲེལ་བ་ཅི་ཡང་མེད་པར་གྱུར

 

དེའི་རྗེས་སུ

ངས་བྱེའུ་གཅིག་འཕུར་ཤུལ་གྱི་ནམ་མཁའ་ལ་ཡང་ཡང་བལྟ་དགོས་བྱུང

 

དེའི་རྗེས་སུ

ངས་ཁྱོད་ཀྱིས་བསྐྱུར་བའི་སྒྲ་སྙན་ཆག་རོ་དེ་དཀྲོལ་ནས

རང་དང་འབྲེལ་བ་ཅི་ཡང་མེད་པའི་གཞས་དེ་དག་ཡང་ཡང་བླངས་དགོས་བྱུང

 

དེའི་རྗེས་སུ

ཁྱོད་ཀྱི་མཆུ་སྒྲོས་བཞིན་དམར་བའི་ཉི་མ་ཁོ་ནས

གཏམ་རྒྱུད་ཅིག་ཡང་ཡང་འཆད་ཀྱིན་འདུག

 

དེའི་རྗེས་སུ

མཁར་གྲོང་འདིས་ཁུ་སིམ་མེར་གཏམ་རྒྱུད་དེར་ཉན་གྱིན་འདུག
                    2020/11/26


མེ་འཁོར་གཅིག་གི་ནང་དུ་རྒས་པ།

                     

མེ་འཁོར་གཅིག་གིས

སེམས་ཅན་གྲངས་མེད་དྲུད་ནས་བྲེལ་བྲེལ་བསྐྱོད་ནའང

 

ཁོ་ཧྥེ་ཧུབ་གང་གི་རོ་ཁ་བ་དང་ང་ཡི་སེམས་ཁོ་ན

འདུག་སྟེགས་སྟོང་མང་བོའི་ནང་དུ་གཅིག་པུར་ལྷག་འདུག

 

ངས  རང་གི་ལག་པ་སྒེའུ་ཁུང་ལས་ཕྱིར་བསྲིངས་ཏེ

ཁངས་སྐྱ་ལྷབ་ལྷུབ་འབབ་པའི་ཞོགས་ཞིག་དང

དེར་འབྲེལ་བའི་དུས་ཚོད་དག་རླུང་བཞིན་གསེད་འདོད

 

རས་ཡོལ་ནག་པོ་ཞིག་ཚལ་བར་གཤགས་པ་བཞིན

འབབ་ཚིགས་གཉིས་སོ་སོར་ཕྱེས་ན

ཤུལ་དུ་ལྷག་པའི་སྟོང་ཆ་དེ་ལ་འགྲུལ་བཞུད་ཟེར

 

སྟོང་ཆ་དེ་ཡི་ནང་དུ

ང་རང་གཉིད་ཅོག་ཐེངས་ཤིག་བརྒྱབ་སྟེ་མེ་འཁོར་ལས་ལྕེབས

 

ངས   རང་གི་སྙིང་འདི་སྤ་སེ་ཞིག་ལ་བརྗེ་དགོས

སྤ་སེ་དེ་ཡང་རྟ་ཕོ་ཞིག་ལ་བརྗེས་རྗེས

རྟ་ཕོ་དེར་བཞོན་ནས་ཁངས་སྐྱ་ལྷབ་ལྷུབ་འབབ་པའི

ཞོགས་པ་དེར་ལོག་དགོས

 

མེ་འཁོར་གཅིག་གི་ནང་དུ

ང་རང་འདི་ལྟར་རྒས་སྲིད

         2020/10/18

འཁོར་བ།

 

ཤྭ་འོད་ཐེངས་ཤིག་བརྡོལ་རྗེས

ཆུང་མ་གཡང་གཟར་མཐོན་པོ་ཞིག་ལས་ལྕེབས

ཁང་མིག་གོ་དགུའི་ནང་གི་སྐྱེས་པ་རྣམས་སྟབས་གཅིག་ཏུ་གཉིད་ལས་སད

 

མུན་པའི་ཚོགས་ནི

འཁོར་བ་ལ་ཐོ་འགོད་བྱེད་པ་བཞིན

ནམ་སྨད་འདི་ནས་གྲལ་བསྒྲིགས་འཚངས་ཁ་རྒྱག

   

རྒྱུ་མ་ལྟ་བུའི་ཐོག་ཁང་གི་བར་ཁྱམ་དོག་མོ་འདི་ལས

བྱི་ལ་ཁྲ་ཁྲ་ཞིག་གིས་ཡང་ཡང་ཆོ་ངེ་འདེབས

 

སླར་ཡང་གཉིད་ནི་ལོག་གྱུར་ན

བྱི་ལའི་སྐད་དེ་བྱིས་པ་ཞིག་ངུ་བ་རུ་གྱུར

 

འཁོར་བར་སྐྲག་པ་བཞིན

བྱིས་པ་དམར་འབྱར་ཞིག་ཡང་ཡང་ངུས་པས

ཁང་མིག་གོ་དགུའི་ནང་གི་སྐྱེ་མ་རྣམས་སྟབས་གཅིག་ཏུ་གཉིད་ལས་སད

                 2020/10/31
                    རྩོམ་སྒྲིག་པ། གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease