མཚན་མོའི་སྒོ་དྲུང་དུ།

    རྩོམ་པ་པོ། ཇེང་།


རྒོངས་ཀའི་མཐོང་ཚུལ་གཞན་ཞིག
ཞར་བཀོད་གཉིས། 

 

                            ཇེང་། 



དྲན་སེམས་ཀྱི་རྟ་ཁྱུ་སྒང་ལ་ཞོགས་ཏེ

རྒྱང་རིང་གི་ལ་མོ་བརྒལ་བའི་མཛེས་སྡུག

ཞེ་འདང་གི་རྨིག་སྒྲ་རེ་རེར

ཞེན་ཆགས་ཁྲི་སྟོང་གི་གཙང་བོ

དལ་གྱིས་ལྷང་ལྷང་དུ་བཞུར

 

རྩིག་ངོས་ཀྱི་མཚོན་དོན་སྣ་ཚོགས

ཁྲེལ་གཞུང་ངང་དུ་འཚོ

ཤ་རུས་ཀྱི་རྐང་ལ་ཟུག་པའི་རྣམ་ཤེས

ཡིད་ཚིམ་པའི་ཀློང་ན་མིག་ཀྲབ་ཀྲབ་བྱེད་ནས་བསྒུག
           
 2020 11  30

 

མཚན་མོའི་སྒོ་དྲུང་དུ།

 

ཁྱོད་ཀྱི་གྲིབ་མའི་ལྟག་རྒྱབ་ན

རྨི་ལམ་གྱི་རེ་སྙེག་ཟབ་པའི་མི་དེ་མཐོང་ཨེ་བྱུང

 

ང་རང་གདུང་བས་མནར་ཚེ

ཚིག་རིས་ཀྱི་རྣམ་ཤེས་འཐེན་པའི་སྐྱོ་བ་དེའི་ཁྲོད

ཁྱོད་ཁོ་ན་གླེང་བཞིན་འདུག

 

རྨི་ལམ་གྱི་འཁྲིས་སུ་འགྲེང་སྟེ

བག་ཆགས་ཟབ་སར་ཕྱོགས་པའི

དྲན་གདུང་གི་དུས་ཚིགས་རེ་རེའི་མིག་སྔུན་ལ

ཉི་ནུབ་ཀློང་དུ་འཛུམ་པའི་བྱ་ཁྱུ་དེ་ཡུན་གྱིས་འཁོར

                   2020 11 10


བྱེ་ཐང་འགྲམ་གྱི་འཁོར་བ།

 

རང་ཉིད་འཚོ་རྩིས་གྱི་རྨི་ལམ་ཟབ་ཚད།

སྨུག་ཀློང་གི་དཀར་ནག་བདོ་བའི་དགེ་སྡུག

རྩིགས་ངོས་སུ་བཀལ་བའི་ཁ་དོག་སྣ་ཚོགས་ཀྱི་རི་མོ།

ད་དུང་དུས་ཚོད་ཀྱི་གཟེབ་ཏུ་ཚུད་པའི་འཁོར་བ།

ཉི་ནུབ་ཀྱི་འགྲེད་རྡོག་རྒྱག་པའི་འཆི་བ།

 

སྐྱེ་བོ་དག་རྐང་རྗེས་སྤོས་ཟིན་ནས།

ལོ་ཟླའི་གོམ་འགྲོས་ཀྱི་སྒོ་འགྲམ་དུ་སླེབས།

བྱེ་ཐང་ནས་རྙེད་པའི་རྟ་ཕོའི་རྨིག་རྗེས།

རྨི་ལམ་ཞེ་རུ་སྙེག་པའི་འཛོམས་པ།

ཆར་ཆུ་འབབ་ཞོད་ཆེ་དྲགས་པས།

གཙང་བོ་དང་འདྲེས་ནས་རྒྱང་དུ་བཞུར།

 

མི་ཚོགས་ཀྱི་གསེབ་ཏུ་ལུས་པའི་རྣམ་ཤེས་ཕྲ་མོ།

དྲོད་ཀྱིས་རུམ་པའི་སྒེའུ་ཁུང་འགྲམ་གྱི་འཚོ་བའི་ཉི་འོད།

མཚན་མོ་སྣ་ཚོགས་ཀྱི་མེ་སྒོང་རྒྱག་བཞིན་སེམས་པ་དྲོ་བར་བྱས།

                      2020 7 26
                       རྩོམ་སྒྲིག་པ། གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease