གདོན་གྱིས་བསླུས་པའི་སྙན་ངག

    རྩོམ་སྒྲིག་པ། ཆུ་ཐིགས།


གདོན་གྱིས་བསླུས་པའི་སྙན་ངག

 

                          ཆུ་ཐིགས།  ལི་ཐང་།


སྤྲིན་པ་གདོན་གྱིས་བསླུས་སོང
ཉི་འོད་གདོན་གྱིས་བསླུས་སོང
སྙན་ངག་གདོན་གྱིས་བསླུས་སོང
སྙིང་ཉེ་བའི་མུན་པ་ཡང་གདོན་གྱིས་བསླུས་སོང
ཀྱེ་ཧུད
འཆི་བའི་རྒྱུད་སྐུད་དཀྲོལ་བྱུང
དམངས་སེམས་ཀྱི་མེ་ཏོག་སད་ཀྱིས་ཁྱེར་ཏེ
བྱམས་བརྩེ་དང་ཤེས་རབ་མེ་རུ་སྦར་སོང
སྙན་ངག་གི་སྲས་མོ་གདོན་གྱིས་བསླུས་སོང

                 
མིང་མེད།
                                    

ཐག་པ་དཀར་ནག་གཉིས་ཀྱི་མཚམས་སུ
ཁྱེར་རྐྱང་དུ་ལུས་པའི་རྣམ་ཤེས་ཆ་ཞིག་ཡོད


མཚན་མོའི་གློག་སྒྲོན་འོག་ཏུ
རས་གཟན་མནབས་པའི་རི་དྭགས་ཤིག་གིས
ཀུན་རྟོག་གི་འཐབ་ར་ནས  དུང་དཀར་སེར་པོ་འབུད
དུང་སྒྲ་ལས  བརྩེ་དུང་གི་མེ་འབུད


སྤང་འདྲེད་པ།

          རླུང་འཕྲིན་ཟློས་གར་ཞིག་ལ་བལྟས་རྗེས།
 

ཁྱོད་ཀྱིས་ང་ལ
དུས་རབས་ཤིག་གིས་སྙིང་སྟོབས་གླེང་ཞིང
མུན་ནག་ཀློང་གི་སྒྲུང་འཆད
 

སྒྲུང་གི་ནང་དོན་ནི
གསར་བརྗེ་དང་མུན་པའི་སྙིང་སྟོབས་ཡིན
 

སྐུ་ཞབས་ལགས
རླབས་ཆེ་བའི་གཙོ་དོན་དེའི་སླད
ངས་བསྐལ་མཐའི་བར་དུ་རྒྱུན་བསྲིང་ཡང་རུང་མོད
འོན་ཀྱང  ང་ཡི་ཉི་འོད་ག་རེ
 

སུན་སྣང་གི་གླུ།


ཉི་ཟླའི་རྣ་ལམ་དུ་གཟན་པའི
རྩུབ་རེག་གི་རླུང་བུ་ལྡང་རྗེས
སྐྱོ་ངལ་གྱི་ཟླ་བ་བདག་གི་སྒེའུ་འགྲམ་དུ་ལྷུང
 

དྭངས་གཙང་གི་སེང་རས་གོན་པའི
བདག་གི་རྒྱབ་གཟུགས་ལ
དུག་གསུམ་གྱི་ཡོལ་བས་སྒྲིབ་པའི
ཁྱི་ཡིས་རྨུགས

སྐྱེས་སྐར་དང་སེམས་ཁྲལ།

                གྲོགས་པོའི་སྐྱེས་སྐར་ལ་ཕུལ་བ།

ཁྱོད་ཀྱི་སྐྱེས་སྐར་དུ
ངས་ཨུ་དུམ་ཝཱ་རའི་མེ་ཏོག་ཅིག་སྟེར
དེ་ནི
འུ་གཉིས་བར་ལ་རྟག་བརྟན་གྱི་དབྱར་ཁ་ཞིག་འཚེར་ཆེད་ཡིན

དུས་རབས་འདིར
སྒྲེན་པོར་རྒྱུ་བའི་མི་ཚོགས་ཆར་ལྟར་བརྡོལ་བས
ང་རང་དུས་ཚིགས་དགུན་ཁ་ཐོན་པ་ཧ་ཅང་སྐྲག

མ་ཡུམ།
                            

བདག་སེམས་ཀྱི་དབྱར་གཞུང་དུ།
ཁྱོད་ཀྱི་དྲི་བསུང་འཐུལ་བའི།
བརྩེ་བའི་ལྗོན་པ་སྐྱེས་བྱུང་།
ལྗོན་པའི་ཡལ་འདབ་དང་གྲིབ་བསིལ་རེ་རེར།
ཁྱོད་ཀྱི་དཔའ་སྤོབས་དང་མཛེས་སྡུག་འཁོར་ཡོད།


མ་ཡུམ་ལགས།
ངས་འཇིག་རྟེན་ཁམས་ཀྱི།
ཚ་བས་གདུངས་པའི་སྐྱེ་བོ་གྲངས་མེད་ཅིག
ལྗོན་པ་འདིའི་གྲིབ་བསིལ་འོག་བསུ་ན་འདོད་བྱུང་།

                       རྩོམ་སྒྲིག་པ། བསམ་འགྲུབ་རྒྱལ། 


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease