ཚོར་བའི་རྟ་དྲེལ་ཁྲིད་ནས་རྒྱང་ལ་འགྲོ།

    རྩོམ་པ་པོ། རྨོག་ཐང་དཀར།


རང་ཅག་སྐར་མའི་ཚོམ་ལ་ཞེ་འདང་འཇོག
 
             རྨོག་ཐང་དཀར། 

ལམ་ཐག་རིང་སོང་མ་གསུང་ལས་ཀྱི་ལྷ།།
འདི་ནས་རྒྱུ་སྐར་འཕོ་ལམ་ཉེར་བརྒྱད་ཀྱི།།
བགྲོད་ལམ་ཡངས་པོ་དེ་དག་བརྒལ་བ་ན།།
འོག་མིན་སྣང་བ་དགའ་བའི་ཞིང་བཀོད་དུ།།
གཟུགས་མཛེས་སྒྲ་སྙན་རང་བྱུང་ལྷན་སྐྱེས་དང་།།
བསིལ་གྲིབ་ལྗོན་པའི་ཡལ་ག་གཡས་ཀྱི་འོག།
གཙང་མ་ཆབ་ཀྱི་ཁྲུས་ལ་ཞུགས་པ་དང་།།
སིལ་ཤིང་བདུད་རྩིའི་ཟས་མཆོད་ལྟེམ་པ་དང་།།
དེ་ནས་ཁྱོད་ཀྱང་ལྷོད་པོར་བསྡད་པ་དང་།།
ཁོ་ཧྥེ་འཐུང་བཞིན་ལེགས་ལྡན་ཡུ་མོ་ཡི།།
དྭངས་གསལ་སྤུ་རིས་འཁྱུག་པའི་ན་བཟའ་དང་།།
ཟ་འོག་རི་མོས་བརྒྱན་པའི་སྐ་རགས་བཅས།།
ལུས་ཀྱི་ཚིགས་ཆེན་དག་ཀྱང་མ་བསྡམ་པར།།
གནག་སྣུམ་སྐྲ་ལོ་ཤད་ཅིང་སྨིན་མ་གཟེངས།།
སྤྲིན་གྱི་ཚོམ་བུ་དེ་དག་གཡས་གཡོན་དུ།།
སྒྲ་མེད་རླུང་བུ་ཞིག་གིས་དེད་པ་ལྟར།།
དྲི་བསུང་སྨུག་པ་འཐིབས་པའི་འཇའ་ལམ་དུ།།
རྐང་པས་སྤོས་སམ་མ་སྤོས་རྩོལ་མེད་དུ།།
སེང་ལྡེང་ནགས་ཀྱི་སྐྱིབས་འོག་རེ་རེ་ལ།།
ལྟད་མོར་ཆས་པ་དེ་ནི་འཕུར་བའི་ཉམས།།
ངལ་བའི་སེམས་ཀྱང་གཞི་ནས་ཡལ་བ་དང་།།
རྐང་པའི་གདན་ལ་སྐར་མའི་ཚོམ་བུ་རྒྱུ།།
འོད་དང་སྨུག་པའི་མདངས་ལས་གྲུབ་པ་དང་།།
འཇའ་དང་གློག་གི་ཉམས་ཀྱང་བདོག་པ་དང་།།
དེ་ནི་བསམ་མི་ཁྱབ་ལ་བསམ་ཡས་ཀྱི།།
ཁྱོད་ཀྱི་འཇིག་རྟེན་ཕར་ངོགས་ཡིན་པར་ངེས།།
རེ་དོགས་སོམ་ཉི་མེད་པར་རང་ཅག་གིས།།
ཞེ་འདང་སྣང་བ་སྐར་མའི་ཚོམ་ལ་འཇོག།
                  2020.9.11

ཚོར་བའི་རྟ་དྲེལ་ཁྲིད་ནས་རྒྱང་ལ་འགྲོ།
 
ཆུ་ཚོད་འགའ་ལ་ང་རང་གཉིད་ལམ་ནས།།
མེ་ཏོག་ཟིལ་བ་གཏོར་བའི་སྤང་རྒོད་དུ།།
འགྲོ་དགོས་སྣང་བ་དེས་ཀྱང་མི་ཡུལ་གྱི།།
ཉི་མ་སེར་མདངས་ཅན་གྱི་དྲོད་དེ་ཚོར།།
 
གྲོགས་པོ་རེ་ལ་ཁ་པར་བཏང་བ་དང་།།
ཞལ་རྩེད་གནང་ཞོར་ཕྱི་ཡི་ར་སྐོར་དུ།།
ལྗོངས་རྒྱུར་འགྲོ་འམ་ཐོག་ཁང་གཉིས་པ་ནས།།
ཉི་མ་གཏོང་ཁོམ་ཡོད་དམ་ཞེས་ཀྱང་ལབ།།
 
ཡོངས་འཛིན་འདབ་མ་དྲིལ་བའི་ཇ་ལོ་དེ།།
ཤེལ་དཀར་བུམ་པའི་ཁོག་ནས་སྦངས་བ་ན།།
སྤྲིན་གྱི་ཡོལ་བ་ཕྱེས་ནས་ནམ་མཁའི་ཁྱོན།།
མིག་གི་ཁུད་དུ་བླངས་ནས་གླིང་ག་གཏོང་།།
 
ཟླ་བ་གཅིག་དང་ཕྱེད་དུ་དབྱར་ལ་གནས།།
ལུས་ལ་ཆུ་ཁྲུས་མ་བྱས་ཡུན་རིང་འགོར།།
སྐྲ་དང་སྨ་ར་ཨེན་ཙམ་སྐྱེས་ནས་འདུག།
གོས་ལ་མེ་ཏོག་ནག་པོའི་དྲི་ཡང་ལྡང་།།
 
ཟླ་འདིར་ཆོས་ཀྱི་གླེགས་བམ་རེ་རེའི་ཁུད།།
ཐོས་བྱུང་ཤེས་རབ་མེ་ཏོག་བཏུ་བ་དང་།།
བསམ་བྱུང་བློ་གྲོས་པདྨ་གསོ་བ་སོགས།།
མནོག་ཆུང་ང་ཡང་བྲེལ་དོན་དེ་ལ་སོགས།།
 
གནའ་གྲོགས་ཞལ་རྩེད་ཅན་ལ་ཤགས་པ་དང་།།
བློ་མཉམ་གྲོས་མཐུན་ཅན་ལ་འདྲིས་པ་སོགས།།
གྲོགས་ཀྱི་དྭངས་མ་རེ་རེ་ཞེ་ལ་དྲན།།
དྲན་ཡང་རྒྱང་དུ་འགྲོ་མཁན་ང་རང་ངོ་།། 
 
སྐབས་རེར་ཡི་གེའི་རོལ་རྩེད་མ་འཁྲབ་གསུང་།།
ལན་རེར་སྙན་ངག་དེ་ཡང་མ་སྐྱུར་གསུང་།།
ཐུགས་ལ་ཅི་ཤར་ངག་ནས་གླེང་བ་ཡི།།
དགེ་གྲོགས་དག་ནི་སྙིང་གི་བཅུད་དུ་ལྟེམ།།
 
འདྲིས་པའི་མཛའ་བཤེས་གཉེན་དང་སྨོན་འདྲིན་དག།
ད་ཆ་འཁོར་འདས་རླུང་བུ་ལྡང་བ་དང་།།
ཁྲུང་ཁྲུང་དག་ཀྱང་རྒྱང་ལ་འཕུར་བ་སོགས།།
གྱེས་བྲལ་ཤ་ལ་ཟུག་པ་སོས་ལ་ཉེ།།
 
ང་ཡི་ཚིག་གི་ཤིང་ལོ་དེ་དག་ལ།།
མེ་ཏོག་དམར་པོའི་ཚོད་ཀྱིས་གཅེས་སྤྲས་ངང་།།
ཆུ་ཡི་ཐིགས་པ་རྟག་པར་གཏོར་མཁན་གྱི།།
གྲོགས་པོ་དག་ཀྱང་སྐུ་ཁམས་བདེ་ལགས་སམ།།
              2020.9.13
                  རྩོམ་སྒྲིག་པ། གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease