རྨི་ལམ་གྱི་རྩིབ་མར་འབྱར་བའི་རབ་ཚང་།

    རྩོམ་པ་པོ། རྨི་ལམ་གྱི་རྩིབ་མར་འབྱར་བའི་རབ་ཚང་།


ཚིག་གི་ལྷན་ཐབས། 
 
                རང་དཔལ་སྙིང་བྱམས།  མགོ་ལོག

ཞེན་ཆགས་ཕྱི་མིག་འཕེན་པའི་མིག་ཟུང་ནང་དུ། ། 
བྱམས་བརྩེ་བུ་ལ་གནང་བའི་ལོ་ཟླ་ཚེས་ཡོང་། ། 
ན་ཆུང་རྩེ་གཞས་འཐེན་པའི་ཚིག་འབྲུ་འཐོར་ཡོང་། ། 
དྲན་སྣང་ཐང་མར་བརྡལ་བའི་རི་མོ་མངོན་ཡོང་། ། 
ལས་ལ་ཐོགས་རྡུག་མེད་པའི་བྱ་བྱེད་སྣ་ཚོགས། ། 
ལུས་སེམས་འོད་དུ་འཚེར་བའི་ལས་འཕྲོ་ཡིན་སོང་། ། 
 
དྲན་པ་ཉེ་བར་བཞག་པའི་ལོ་དང་ཟླ་བ། ། 
མཛའ་འདྲིས་ཆུ་བོ་གྱེས་པའི་དུས་ཚོད་ཡིན་འདུག ། 
 
འཇིག་རྟེན་སྣང་བ་འཁྲོལ་བའི་གླུ་བ་མིན་ཡང་། ། 
ཆུང་མའི་བརྩེ་དུང་ཐོབ་པའི་ཁྱོ་ག་མིན་ཡང་། ། 
རང་སེམས་འདུན་མར་སོང་བའི་ལས་ཀྱི་རི་མོ། ། 
སྐྱོ་ཤས་མིག་ཆུ་སྲབ་མོས་བསུབ་འདོད་མི་འདུག ། 
ཡིད་ལ་འགྱུར་བ་མེད་པའི་དམ་ཚིག་མེད་ན། ། 
སྐྱོ་ཤས་སྨུག་སྤྲིན་འདབ་མས་ཅི་ཞིག་བྱེད་ཨང་། ། 
 
ལས་ཀྱི་བརྟན་པ་བོར་བའི་འཇིག་རྟེན་འདི་ནས། ། 
རང་སེམས་གླིང་བུའི་ཐང་ལྷོད་ཇི་ལྟར་འཐེན་ཨང་། །
 
འཇིག་རྟེན་འུར་འུར་ཟིང་ཟིང་རྒོད་པའི་ཡུལ་རེད། ། 
མི་སེམས་དགའ་སྐྱོ་ཆགས་སྡང་ཆེ་བའི་གནས་རེད། ། 
ང་ཡི་བླ་མའི་གདམས་དོན་འཁོར་བའི་མཚང་རེད། ། 
འཁོར་བའི་མཚང་ལ་སྙོབ་པའི་ལག་པ་ཕྱིད་འདུག ། 
ལག་པའི་ཕྱི་ནང་སེར་ག་མང་པོས་བཟུང་བ། ། 
ཚོགས་དྲུག་སྣང་བ་བཙན་པོའི་རྒོལ་རྡུང་ལོས་ཡིན། ། 
 
འཁོར་བའི་ནང་དུ་འཕྱན་པའི་འོ་སྐོལ་དག་ལ། ། 
འདི་སྣང་སྒྱུ་མར་འཐག་པའི་འཕྲུལ་འཁོར་མི་མཛའ། ། 
 
བྱ་བྱེད་གཞན་གྱི་རྗེས་སུ་འབྲང་བའི་དུས་ཚོད། ། 
ཀུན་རྨོངས་མུན་པ་འཐིབ་པའི་ནམ་ཟླ་ཡིན་འདུག ། 
མུན་པ་སོ་སོར་གསེད་པའི་ཉི་མའི་འོད་ཟེར། ། 
ལས་ལ་འགྱུར་བ་གཏོང་བའི་ཤེས་རབ་ཡིན་འགྲོ། ། 
རང་སེམས་འོད་དུ་བཀྱེ་བའི་ལས་འཕྲོ་འདི་ཡིན། ། 
ད་ནི་ཞེན་ཆགས་སྟོང་གི་དབུས་ལམ་འགྲིམ་དགོས། ། 
 
ཟླ་བའི་སྐྱེ་བ་གཅིག་ལ་ཞེ་སྒུག་མ་གནང་། ། 
འཚོ་བ་འོད་དུ་འཚེར་བའི་ལས་འཕྲོ་རྫོགས་སོང་། ། 
               2020/11/16 ལ་གྲུབ། 
དབེན་རིའི་ཟླ་བ།
 
                   གཉན་པོ།

དབྱངས་ཅན་འཁྱིལ་བའི་ལྡིང་ཁང་།།
དད་པའི་པད་དཀར་ཆུན་པོ༎
དང་བས་ཕུལ་བ་བཞེས་དང་༎
སེམས་གཅོང་སྐྱོ་བ་སངས་འགྲོ༎
          
སྐྱི་སེར་ལས་ཀྱི་རླུང་བུ༎
ཤར་ནུབ་གང་དུ་བསྐྱོད་ན༎
མི་ཚེ་སྟོན་ཁའི་ཤིང་ལོ༎
མི་འགྲོ་རང་དབང་མི་འདུག།
 
ལྕུག་ཕྲན་ལང་ཚོ་ལྡེམ་ལྡེམ༎
འཇོལ་མོ་ལོག་ཕེབས་བསམ་ནས༎
ལྕང་གསེབ་ཉུལ་བའི་རླུང་བུ༎
སྨྲེང་བའི་སྣ་གླུ་ཡིན་སོང་༎
 
སེམས་སོང་སྙིང་གི་བྱི་འུ༎
ཚེ་གཅིག་སྐྱ་ཡ་བྱུང་ན༎
རལ་གྲི་ལོ་མའི་ནགས་ཚལ༎
ཕྱི་མའི་བག་ཁང་གྲུ་བཞི།།
 
མེ་ཏོག་མིག་ལ་ཡག་མོ༎
བརྩེ་བརྗོད་ལུང་པའི་མེ་ཏོག།
རྩ་བ་དུག་ལ་སྐྱེས་པས༎
མཛེས་ཀྱང་རེག་ནི་མི་སྤོབས།
 
རས་གཟན་དམར་འོད་ལམ་ལམ༎
ངང་རྒྱུད་ཞི་ཞིང་དུལ་དུལ༎
གྲིབ་མ་གཅིག་པུ་ཁྲིད་པའི༎
བཙུན་ཆུང་དབེན་རིའི་ཟླ་བ༎
                       
དྲི་ཞིམ་སྤོས་དམར་རྐང་གཅིག།
ལྷ་ཁང་ནང་ནས་གཟིམས་སོང་༎
གྱ་གྱུའི་དུ་བ་སྨུག་ཆུང་༎
ལྷ་སྐུའི་ཞལ་དུ་འཐིམ་འགྲོ༎  
                   
སྲོད་ཀའི་མཚམས་སྤྲིན་མཛེས་ཤིང་༎
དགོན་ཆེན་ལྷིང་ཞིང་འཇགས་དུས༎
ང་དང་དཀར་གསལ་ཟླ་བ༎
གཅིག་པུ་ཡིན་ལ་མ་སྨྲེང་༎
 
དང་པོ་ངུ་བཞིན་སྐྱེས་ཏེ༎
ཐ་མར་ངུ་བཞིན་འཆི་བ༎
ཤེ་འུ་རྨས་མ་བཞིན་དུ༎
ཅི་འདྲའི་ཤ་ལ་ཚ་བ༎
 
སྟོན་གྱི་བ་མོ་རྒྱས་པས།།
གེ་སར་ཟེའུ་འབྲུ་རྙིད་སོང་༎
མི་རྟག་རྒས་པ་བྱུང་ན༎
ན་ཆུང་གཞོན་ཤ་ཡལ་འགྲོ༎
 
ལན་གཅིག་འཁོར་བའི་བདེ་བ༎
འདང་གི་རྨི་ལམ་ཐུན་གཅིག།
ཞོགས་ལ་སད་ནས་བསམ་ན༎
ཟིན་པ་འཇའ་ཡི་དཔེ་རེད༎
 
སྣང་སྟོང་སྒྱུ་མའི་ཕོ་བྲང་།།
སྤྲོས་མཐའ་བྲལ་བའི་སྙིང་ཐུབ༎
སྙིམ་པས་བྲང་ལ་འཁྱུད་ན༎
ཤ་འཇམ་དྲོད་ཁོལ་གནང་ཞུ༎         
             ༥/༡/༢༠༢༠
ཁྱེད་ཀྱིས་སྒུག་ཡུན་རིང་སོང་།  དགོངས་པ་མ་ཚོམ།
 
                  གངས་ཚ་འཇོམས།  
          
ཆ་མེད་ནས་ཆ་ཡོད
ཆ་ཡོད་ནས་རྒྱུས་ཡོད་དུ་གྱུར་བ
ཞེན་ཆགས་ཀྱི་ཐ་གུ་གཅོད་མ་ཐུབ་པས་ལོས་ཡིན
 
མིག་གིས་ཕར་ཚུར་མི་མཐོང་ནའང
སེམས་པ་བར་ཐག་གིས་མ་ཆོད་པར་ཉེ་སར་གཅར་དུས
ཡོད་ཚད་ནས་ཡོད་ཚད་མིག་ཆུ་རེད
             ༢༠༢༠-༩-༤ཉིན་རེབ་གོང་ནས།
                                 རྩོམ་སྒྲིག་པ། འཕགས་མི།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease