ལམ།

    རྩོམ་པ་པོ། བཙན་པོའི་ཕོ་ཉ།


བདག་གི་ཆང་། 


                  བཙན་པོའི་ཕོ་ཉ།

ལྟེམས་མེར་འཁྱིལ་བའི་བདག་གི་ཆང་ཕོར་ཁ་རུ
ཉི་མ་ཤར་ཤོག      ཟླ་བ་ཤར་ཤོག
གཉིད་མི་ཁུག་པའི་མཚན་མོ་རེ་རེར
རྣམ་ཤེས་མཁའ་ལ་བྱོན་པའི་ཁྲ་ཆེམ་ཆེམ་གྱི་སྐར་ཚོམ་ཤར་ཤོག
 
བདག་གི་སྡུག་བསྔལ་འབྱོངས་བའི་ཆང
བདག་གི་སུན་སྣང་འབུད་པའི་ཆང
བདག་གི་རྣམ་རྟོག་དང་ཡིད་ཆེས་མི་བསླུ་བའི་ཆང
 
ནམ་མཁའ་ལ་ཉི་མ་མེད་ཀྱང་ཆོག་གི
ཉི་མའི་བགྲོད་ལམ་ལ་སྤྲིན་པའི་སྒ་བསྟན་མེད་ཀྱང་ཆོག་གི
ས་གཞི་ལ་རི་རབ་མེད་ཀྱང་ཆོག་གི
རི་རབ་ཀྱི་རྩེ་རུ་ཁ་བའི་འདབ་མ་མེད་ཀྱང་ཆོག་གི
 
ཆང་ཕོར་གྱི་ཁ་རུ་ལྟེམས་མེར་འཁྱིལ་བའི་ཆང
ལྦུ་བའི་བང་རིམ་དུ་ཆང་མའི་འཇོ་སྒེག་འཆར་བའི་ཆང
ཆང་མའི་འཛུམ་ཞལ་ལས་བདག་གི་སྡུག་བསྔལ་འབྱོངས་བའི་ཆང
 
སེམས་ཀྱི་རྟ་རྒོད་རི་ལ་ཤོར་ཀྱང་ཆོག་གི
སྲབ་དང་སྒ་བསྟན་ཆུ་ལ་བསྐུར་ཀྱང་ཆོག་གི
མདུན་ལྗོངས་ཚེར་མའི་ལམ་དུ་བདག་གི་རྐང་རྗེས་མེད་ཀྱང་ཆོག་གི
 
རྒུད་པའི་མྱ་ངམ་ཐང་དུ་བདག་གི་སྐོམ་གདུང་བསེལ་རོགས      
རྙོག་འཛིང་མི་གཤིས་མདུན་དུ་བདག་གི་ལམ་ཁ་བཤངས་རོཊ
དགེ་སྡིག་སྤང་བླངས་ཚད་དུ་ཁོ་བོ་དམྱལ་བར་རྫོངས་ཤིག
ཆང     ཆང     བདག་གི་ཆང


ལམ།
 
ཁང་བ་དེ་ཡི་མདུན་ནས
མིག་གིས་མ་ཟིན་པའི་རྒྱང་རིང་དུ་ལམ་ཞིག་བསྲིངས་འདུག
དེ་ནི་རི་དྭགས་དང་སྒོ་ཟོག་གིས་བྲུབ་པའི་ལམ་བུ་དེ་ཡིན་འདུག
 
རྨི་ལམ་དུ
ལམ་བུ་དེ་ཡི་སྟེང་དུ་ལམ་པ་ཞིག
ཁེར་རྐྱང་གིས་རང་གི་འགྲུལ་བཞུད་ལ་ས་ཁྲ་འབྲི་གིན་འདུག
དམིགས་ས་དེ་གང་དུ་ཡོད     གང་ཞིག་ཏུ་བགྲོད་པར་བྱ
གནས་མོ་ཁེར་རྐྱང་ཞིག་དེ་ཡི་དམིགས་ས་ཡིན་ནམ
ཡང་ན      སྐྱི་གཡའ་བའི་མཚན་མོ་དེ་ཡི་སྡུག་བསྔལ་ཡོད་ཚད
གང་ཞིག་ཏུ་བསྐྱལ་བསམ་མམ
 
ལམ    དེ་ཡི་སྣེ་མོར
ཨག་སྐད་ཀྱིས་མཚན་མོ་སྲུང་བའི་འུག་པ་ཁོ་ན
ཁེར་རྐྱང་གི་ཁྲོད་ནས་རང་ཉིད་ཀྱི་འཇིག་རྟེན་བཞེངས་པར་བྲེལ
ཡིན་ནའང      ལམ་ལ་འུག་པའི་རྐང་རྗེས་མི་འདུག
ལམ་ལ་འུག་པའི་གྲིབ་མ་མི་འདུག
ད་དུང      འུག་པའི་བརྩེ་དུང་དང་ངོ་སོ་མི་འདུག
 
སུ་ཞིག་གིས      རི་དྭགས་དང་སྒོ་ཟོག་གི་རྗེས་འདེད་ནས
ལམ་ཞིག་བྲུབ་པར་བྱེད་དུས    རང་གི་སྤོབས་པ་དང་འདོད་རྔམ
ངོ་སོ་དང་སྡུག་ཡུས་ཡོད་ཚད་དེ་ཡི་སྟེང་ལ་བྲིས་སོང
མ་ཟད     མ་ཟད     ཡོད་ཚད་ཀྱི་མིག་ལ
ལམ་བུ་དེ་ཡི་རྒྱ་ཁྱོན་དང་རིང་ཐུང་བཅས་པའི་ས་ཁྲ་བྲིས་སོང
 
འུག་པ་རྒས་སོང     ལམ་བུ་རིག་རྒྱུ་མ་བྱུང
མི་ཚོའི་མིག་དང་སེམས་ཀྱི་རྒྱལ་སྒོར
འུག་པ་དང་དེ་ཡི་ལམ་བུ་བཙུད་ཐབས་མ་བྱུང
 
མཚན་མོ་བསླེབས་སོང    འུག་པ་བསླེབས་རྒྱུ་མ་བྱུང
འུག་པའི་ལམ་བུ   མཚན་སྨག་གི་འཇིངས་སུ
དགུ་ཚིགས་རྒྱལ་མོ་བཞིན     འུག་པའི་རྨི་ལམ་ཁུར་ནས
ནམ་མཁའ་ལ་བཞད་འདུག
 
མཚན་མོ་བསླེབས་སོང    མི་རྣམས་གཉིད་སོང
སྡུག་ཡུས་དང་ངོ་སོ་བྲིས་པའི་ལམ་བུ
མཚན་སྨག་གི་ཀློང་ནས་རིག་རྒྱུ་མ་བྱུང
རྒྱ་ཁྱོན་དང་རིང་ཐུང་གིས་བཅལ་བའི་ལམ་བུ
འུག་པའི་མིག་ལ་ནམ་ཡང་བཙུད་ཐབས་མ་བྱུང

               རྩོམ་སྒྲིག་པ། གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease