སྐུད་པ་ཆད་པའི་ཤོག་བྱ།

    རྩོམ་པ་པོ། ཐོ།


རས་པའི་འཁར་བ།
 

         
 ཐོ།

ཕུ་རི་བོའི་རྩེ་མོར་ཡར་ལ་བལྟས།།
ཁངས་འདབ་དྲུག་ཟམ་ཟིམ་འབབ་ཙ་ན།།
བྱ་བྱིའུ་འཕུར་ལམ་ཅི་འདྲ་འདུག།
ཤྭ་ཡུ་མོའི་ལས་དབང་ག་འདྲ་རེད།།
གོས་རས་རྐྱང་མནབས་པའི་དྲང་སྲོང་ལགས།།
སྙིང་རྗེའི་མཆི་མ་མི་འཐོར་རམ།།
བྱམས་དུངས་ཀྱི་མཆོད་མེ་བསྒྲོན་དང་ཀྱེ།།
 
སེམས་འོད་གསལ་སྒོམ་པའི་རྣལ་འབྱོར་པ།།
ཆོས་ཉིད་ཀྱི་གཤིས་ལ་འཁྱུད་འཁྱུད་ནས།།
མགུར་འཐེན་ན་གཙང་ཆེན་འབབ་པ་འདྲ།།
ཁོ་ཐག་ནང་ནས་ཆོད་དམ་ཅི།།
བློ་ངེས་འབྱུང་གིས་བསྐུལ་བའི་རས་པ་ཆེ།།
གཞིས་བྲག་ཕུག་ནང་དུ་སྐྱིད་ཉལ་བྱེད།།
ཕ་བླ་མ་དྲན་པའི་ཆོ་ངེ་འདོན།།
རོགས་ཆུང་འདྲིས་བསམ་ན་ཡི་མུག་སྐྱེ།།
ཞེ་སྨྲེང་བའི་དབྱངས་ཆུང་བླངས་བླངས་ནས།།
ཕུ་གཙང་ཆབ་བཞུར་བའི་གདངས་ལ་འདྲེས།།
 
དྲིན་ཕ་མ་བརྗེད་ནས་གང་ཙམ་སོང་།།
ཉིན་ཟས་ཐུན་བཅད་ནས་ཅི་ཙམ་འགོར།།
བློ་ཕུགས་ཆོས་ཀྱིས་དྲོས་ཙམ་ན།།
རྨི་ལམ་ལ་འགྲེལ་བཤད་མེད་དོ་ཟེར།།
ས་གར་འགྲོ་གཏད་སོ་མེད་དོ་ཟེར།།
ལྕག་བེར་ཀ་བཟུང་བའི་རྒན་པོ་དེ།།
གོས་རས་རྐྱང་གྱོན་ཅིང་གླུ་ཆུང་ལེན།།
དགའ་དུས་ཉམས་དང་རྟོགས་པའི་གླུ།།
སེམས་ཅན་ཡི་ག་བྱེད་ལེ་ལེན།།
སྡུག་དུས་བླ་མ་དྲན་པའི་གླུ།།
ལུས་བ་སྤུ་ལྡང་ལེ་མི་ལེན་རེ།།
 
ཁྱོད་གངས་སྟོད་འགྲིམས་དུས་སེང་གེ་འདྲ།།
གངས་སེང་གེས་དོ་ཡ་ཡོང་རབས་མེད།།
ལ་ཕྱི་གངས་ཀྱི་རི་བོ་རུ།།
རྩལ་གྲུབ་རྟགས་ཀྱི་ཉི་ཟླ་རང་བྱུང་རེད།།
ཁྱེད་རྫ་ལམ་འགྲིམ་དུས་བྲེ་སེར་འབྲོང་།།
འབྲོང་དར་མས་རྩེད་ཡ་ལོས་ཡིན་ཏེ།།
རི་ཏི་སེའི་ལ་མོ་བརྒལ་དུས་ན།།
རྡོ་ཕ་བོང་ངོས་སུ་རྐང་རྗེས་ཕབས།།
རོགས་ན་ཟླ་ཞེ་སེམས་དམའ་ལེ་བྱས།།
 
མདའ་གཙང་ཆེན་བརྒལ་ན་བྱ་དང་འདྲ།།
བྱ་རྒོད་པོས་དོ་ཡ་ཡོང་རབས་མེད།།
ནང་རླུང་སེམས་ཀྱི་རང་དབང་ཐོབ་ཙ་ན།།
ཆོས་སྟོང་ཉིད་ཀྱི་དབྱིངས་སུ་འཕུར་འཕུར་ནས།།
ཕྱི་འཇིག་རྟེན་གྱི་ལྟད་མོ་ཅི་ཡང་མཐོང་།།
ནང་ཡིད་སེམས་ཀྱི་ལྗོངས་རྒྱུ་མཐོ་ཙམ་གདའ།།
དད་འདུན་གྱི་མེ་ཏོག་ཁྱེད་ལ་བཏེགས།།
           

ཤིང་ཤུ་གུའི་རྩེ་མོ་ཡར་ལ་ཟུག།
བྲག་དཀར་ཆུང་གི་ཡོལ་བ་མཐའ་ནས་བརྒྱན།།
བྱ་འཇོལ་མོའི་གྲེ་བ་དབྱངས་ཀྱིས་ཁེངས།།
ཉིན་རི་ཉི་ཁུག་དྲོ་ས་ན།།
དྲང་སྲོང་དགུང་ལོ་བགྲེས་པོ་ཞིག།
སྐུ་ལ་དར་རས་སིལ་འཇམ་མནབས།།
ཞལ་འཛུམ་པའི་མེ་ཏོག་བཞད་པ་ལ།།
སྙིང་རྗེའི་སྦྲང་མ་འཕུར་ཞིང་ལྡིང་།།
ཉི་མར་གཟིགས་ཏེ་མགུར་ཞིག་འཐེན།།
འདུ་བྲལ་སྒྱུ་མའི་དཔེ་ཞིག་བཞག།།
འདུག་ལོང་མེད་ཅིང་འགྲོ་དགོས་ཟེར།།
སེམས་ཀྱི་རྒྱལ་ཁམས་བསྐོར་དགོས་ཟེར།།
ཚེ་ལ་ངེས་པ་མེད་དོ་ཟེར།།
དགུང་ལ་མོ་བརྒྱབ་ནས་བྱོན་སོང་ངོ་།།
 

རི་མཐོ་པོ་དེ་ཡི་ཉག་ག་ན།།
སྤང་གོར་མོ་མེ་ལོང་ལེབ་གཅིག་གདའ།།
སུར་དཀར་གྱི་དྲི་བསུང་འཐུལ་བ་དང་།།
ཆར་ཟམ་ཟིམ་འབབ་ཅིང་ཉི་འོད་འཕྲོ།།
བྱ་བྱིའུས་དབྱངས་ཀྱི་གྲེ་བ་ལྷོད།།
ཤིང་སྤེན་ཆུང་དེ་ཡི་འོག་རོལ་དུ།།
རི་ལ་བྲོས་པའི་རྣལ་འབྱོར་པ།།
ཞེ་སྨྲེང་བའི་མིག་ཟུངས་རྒྱང་ལ་གཏད།།
ལྷོ་གྲོ་བོ་ལུང་གི་ཕྱོགས་སུ་གཟིགས།།
ཕ་བླ་མ་དྲན་པའི་མགུར་ཞིག་འཐེན།།
སྤྱན་ཆབ་ཀྱི་ཕྲེང་ཐག་ས་རུ་གཏོར།།
སྤྲིན་དཀར་ལུ་བྱང་དུ་བཞུད་པ་དང་།།
ནང་ཡིད་སེམས་སྐྱོ་བའི་ན་བུན་ལྡང་།།
དགུང་ཉི་མས་ནུབ་རིའི་རྩེ་མོ་ནས།།
སེམས་གསོ་བའི་གཞས་ཆུང་ཡང་ཡང་བླངས།།
ཕོ་རྒོད་པོ་མི་ལ་རས་པ་ཉིད།།
ལ་ལུང་པ་བརྒལ་ནས་བྱོན་སོང་ངོ་།།
             ༢༠༡༩/༤/༥
 

འཕགས་མའི་ཞལ་ཆབ།

བྱ་ཁྱུ་རླུང་གིས་གཏོར་བ་ཨེ་ཡིན་ན།།
ཚོར་བའི་སྦྲང་ཆུང་འཕུར་བ་ཨེ་ཡིན་ན།།
གླུ་དབྱངས་ཟ་ཟི་ལེན་པའི་འཕགས་མ་ཨེ།།
ནམ་མཁའི་སྟོང་པ་གཅིག་པུ་ང་ལ་གཡོར།།
ང་ཡི་དད་འདུན་སྤྲིན་དཀར་ལེབ་ཅིག་སྟེ།།
དབྱར་དགུན་མེད་པར་མཁའ་དབྱིངས་འདི་རུ་ཕུབ།།
ཆར་དང་ཉིད་འོད་དག་ལ་གདོང་ཕྱོགས་ཏེ།།
ཁྱོད་ཀྱི་གནས་མལ་ཅིས་ཀྱང་སྲུང་བར་བྱེད།།
 
ཟླ་བ་གོར་མོ་སྔར་བཞིན་མཁའ་ལ་འཕགས།།
བསེར་མ་རླུང་ནི་བར་མེད་རྟག་ཏུ་རྒྱུ།།
ཡིད་མཁར་ངོས་སུ་ཆུ་ཕྲན་ལྷུང་ལྷུང་འབབ།།
འོད་དཀར་ཟླ་བ་བུ་མོ་འཛུམ་པའི་མདངས།།
ལན་རེར་སྒྱུ་སྐར་དབུས་ན་ལན་བུ་ཤད།།
ང་ཡི་སྒོ་དྲུང་འདི་རུ་ཡང་ཡང་ཕེབས།།
ཁྱོད་ཀྱི་ཞལ་ལས་ངོས་ཀྱི་རེག་བྱ་རྙེད།།
གཏོང་སྒོ་ཡངས་པར་བྱོས་དང་བྱམས་ལྡན་མ།།
 
ཆེ་ཞིང་རན་པའི་སྟེགས་བུ་འདི་དག་ནི།།
ཁྱོད་ཀྱིས་གནང་བའི་དངོས་གྲུབ་ཡིན་ནམ་ཅི།།
མུན་པའི་ནང་ན་མུན་པས་གདོང་གཏུགས་བྱེད།།
ལས་ཀྱི་གར་ཆུང་འདི་ལ་ལྟད་མོ་འདུག།
ཨེ་མ་འདི་ལ་གཡེང་ཞིང་འདི་ལ་འཕྲེང་།།
དུས་གསུམ་ཡོལ་བ་མི་རྒྱག་འདི་ལ་ལྟ།།
ལས་ཀྱི་ཉི་མ་བཞུད་ན་ཕངས་བ་མེད།།
ཁྱོད་ཀྱི་སྒོ་མོ་ཆེས་ཆེར་ཕྱེ་རོགས་ཞུ།།
བསིལ་རླུང་མེ་ཏོག་དག་ཀྱང་ནང་དུ་འདྲེན།།
མེ་ལོང་ཆག་རོ་དེ་དག་བཏུས་བྱས་ནས།།
ཁྱོད་ཀྱི་ཡི་ག་གསོ་བའི་སྐྱེས་སུ་བཏེགས།།
ཞལ་ཁེབས་གྱོན་པའི་འཕགས་མ་ཁྱོད་ཉིད་ཀྱང་།།
ཇ་ཡུན་ཙམ་ལ་བཞུགས་ཁོམ་མི་འདུག་ཨང་།།
         2019/5/9

 
མུ་ཏིག་རྡོག་གཅིག
  
ནམ་ཞིག་བདག་ཉིད་གྱང་ཁའི་རྩ་དུམ་བཞིན།།
རླུང་བུས་གཤོག་ཅིང་གཡང་དུ་ལྷུང་བའི་ཚེ།།
མི་འཇིགས་དད་པའི་སྤུ་ལོང་གཡོས་གྱུར་ཏེ།།
ངང་གིས་མཆི་མ་འཁྲུག་ཅིང་ཁྱོད་རང་སྙེན།
 
ནམ་ཞིག་བདག་གི་མིག་ཟུང་ཟུམ་པའི་ཚེ།།
ཁྱོད་ཞལ་མཚུངས་པ་མེད་པའི་ཟླ་བ་བཞིན།།
སེམས་པའི་འཇིག་རྟེན་མཁའ་རུ་འཕགས་བྱས་ཤིང་།།
སྐྱོ་གདུང་མུན་པའི་ཡོལ་བ་ཕྱེས་གྱུར་ཏེ།།
ཁྱོད་དང་འགྲོགས་པའི་སྐལ་བཟང་འཁྱུག་ཙམ་སྩོལ།།
 
ལྷ་མོ་ཁྱོད་དང་ཉེ་གམ་བཅར་བྱས་ནས།།
ཐུགས་རྒྱུད་བསྐུལ་བའི་གཞས་ཤིག་གཏོང་འདོད་ཀྱང་།།
ངག་གི་སྒྲིབ་པ་སངས་བར་མ་གྱུར་པས།།
མགྲིན་པ་བརྣངས་ཤིང་ལྕེ་ནི་དིག་པར་གྱུར།།
ལུས་ཀྱི་བ་སྤུ་གཡོས་ཏེ་དད་བྱས་ཀྱང་།།
དྲན་པ་གོར་གོར་ངག་གིས་འཁྲོལ་བ་མེད།། 
 
ནམ་ཞིག་གཉིད་ཀྱི་དབང་དུ་སོང་བའི་ཚེ།།
མུན་པའི་ཁྲོད་དུ་གསོལ་འདེབས་ཉག་མ་རེ།།
ལྷ་མཆོག་ཉིད་ཀྱི་མདུན་སར་དབུལ་བའི་དུས།།
རྣམ་རྟོག་ཞི་བར་བྱས་ཤིང་སྙིང་རྗེ་ཡི།།
སྤྱན་ཟུང་བདག་ལ་འཕང་པར་གྱུར་པ་ན།།
རྨི་ལམ་ཡོད་ཚད་འཕགས་མ་ཁྱེད་ལ་བསྔོ།།
        ༢༠༡༨/༨/


སྐུད་པ་ཆད་པའི་ཤོག་བྱ།
 
ཤོག་བྱ་གནམ་མཐར་འཕུར་བ་བཞིན།།
ཟླ་བ་མཁའ་ལ་འཕགས་པ་བཞིན།།
སྤྲིན་དཀར་དཀར་རླུང་བུས་གཏོར་བ་བཞིན།།
རྨི་ལམ་ནང་གི་ཡུ་མོ་ཨེ།།
འཁོར་བའི་གྲོང་ནས་མ་བྲོས་དང་།།
ང་ནི་སྦྲང་མའི་ལུས་བླངས་ཏེ།།
ཞིམ་པའི་སྦྲང་བརྩི་ཁྱོད་ལ་སྟེར།།
རྣ་བར་སིམ་པའི་འཕྲད་གླིང་དེ།།
དུང་སེམས་ཀློང་ནས་ཁྱེད་ལ་འབུད།།
 
ཉི་མ་ཕར་ཕར་བྱོན་ཤུལ་དུ།།
ཆུ་མོ་མར་མར་བཞུད་ཤུལ་དུ།།
རླུང་བུ་ཡང་ཡང་ལྡང་ཤུལ་དུ།།
དགུང་གི་གླང་བྱིའུ་འཕུར་ཤུལ་དུ།།
རྫི་བོས་ནོག་ནག་དེད་ཤུལ་ན།།
ཁ་བ་ངེས་མེད་འཚུབ་པ་དང་།།
མུན་པ་ཡང་ནས་བསྐྱར་དུ་འཁྲིགས།
ང་ཡི་ལས་ཀྱི་སྣེ་མོ་ན།།
ཁྱེད་རང་མེ་ཏོག་ཚུལ་དུ་བཞད།།
དྲན་པ་འདི་ཡི་གཏིངས་རུམ་ན།།
ཁྱོད་རང་ཞོགས་པའི་སྨུག་རླངས་བཞིན།།
བྲང་ཁོག་དཀྱིལ་དུ་ཡང་ཡང་འཕྱོ།།
      2019/3/26.   

                      རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease