འཕགས་མ།

    རྩོམ་པ་པོ། སྒོ་ཡོལ།

འཕགས་མ། ཞར་བཀོད་གསུམ།

 

                    སྒོ་ཡོལ།



རྡུལ་གཅིག་གི་སྟེང་དུ   འུ་གཉིས་འཛོམས་ཆོག

འུ་གཉིས་ཀྱིས་ཚེ་གཅིག་ལ་དེ་ནས་གཞིས་བཅའ

སྐར་ཆ་རེ་རེ་ནི་འུ་གཉིས་ཀྱིས་གཞིས་བཅའ་བའི

དུས་ཚོད་ཀྱི་རིན་ཐང་བྱས་ཏེ  ཆུད་ཟོས་མི་གཏོང

ཁྱོད་ཀྱིས་ང་ལ་ཐག་རིང་ནས་ཆུ་ཟོམ་གང་ཁུར་ཤོག་དང

ངས་ཐོམ་བུ་ཞིག་ཁུར་ཏེ   ཁྱོད་རང་ཉི་ཁྱིམ་ནས་བསྒུག་འདུག

 

དགོང་ཁའི་ཉི་མ་ནུབ་སོང་རུང   ངས་ཁྱོད་རང་ཁྲིད་དེ

མཚན་སྨག་གི་དུས་ཚོད་བརྒལ་ཆོག

 

ཚེས་པ་བཅུ་བཞི། 

 

ད་ལྟ་ངས་སྤྲིན་བྲལ་གྱི་ཟླ་བ་ཞིག

རང་ཉིད་ཀྱི་སྤྱི་གཙུགས་ནས་ཚེས་ན་བསམ་མོད

ཁྱོད་ནི་དུས་ཚོད་ཀྱི་ཐག་སྒྲ་དང་མཉམ་དུ

ང་ལ་ཐ་ཚིག་གི་ཤོག་བྱ་སྤུར་མཁན་དེ་མིན་པར་སྨོན

ད་ལྟ  དགུན་ཁའི་ནམ་ཟླ་འཁྱག་ཙང  

ངས་སྙི་ཆུའི་བཞུར་སྒྲ་ཐོས་མི་ཐུབ་ནའང

ང་ལ་ཁྱོད་ཀྱིས་ཡིད་མཛའ་གཅུགས་ཀྱི་སྐད་ཆ་ཡོད་པས

ང་རང་ཟླ་ཆུའི་ཉ་ཞིག་ཡིན་ན་བསམ

 

ཞལ་གྱི་པད་མོ།

                                      

ཉི་ནུབ་ཕག་གི   མཛེས་སྡུག་གི་ལང་ཚོ་ཡག་པོ

གློ་རྡེག་ལ་ནང་སེམས་ཀྱི་ཆོམ་རྐུན་དུ་གྱུར་བའི

གཟུགས་མེད་ཀྱི་ཡོ་ཆས་རྩ་ཆེན་དེ་དག

ཁྱོད་ཀྱི་ཟུར་ནས་ཆོག་མཆན་གང་ཡང་མེད་པར་བཞག

དགོངས་པ་མ་འཚོམས  ང་ཡིས་ནོར་འཁྲུལ་བཟོས་སོང་ངམ

 

ཁེར་རྐྱང་གི་འགྲུལ་བཞུད་འཁྱག་པ

ཕྱི་དྲོའི་མཚམས་སྤྲིན་དང་འགྲོག་ནས་རྒྱང་དུ

བུད་སོང་སྙམ་པའི་ནང་སེམས་ཀྱི་དྲི་ངན་དེ་ཚོ

ངས་གད་བདར་མ་བྱས་པའི་སྙིགས་ཟོམ་དུ་ལྷུང

ང་ཡིས་ཁྱོད་ལ་ཞུ་འཕྲིན་ཐེངས་མང་བྲིས་ཏེ་བསྐུར

 

ངོ་མི་ཤེས་པའི་རྟ་ཞོན་དེར་སྐུར་བའི

ཤོག་བྱ་དེ་དང་དེས་སྟེང་གི་བརྩེ་དུང

ད་དུང་ངས་ཁོ་མོར་ནན་གྱིས་བྲིས་པའི  བརྩེ་དུང་གི་ཨང་ཚིག་དེ་དག

ཆུ་བོ་ལ་འདྲེས་ཏེ་རབ་ཏུ་དྭངས་བར་གྱུར  རྙོག་མེད་དུ་གྱུར 

               2020 5 18མཚན་མོར།

 

ང་ཡིས་ཁྱོད་ལ་སུན་སྣང་སྤྲིངས་སོང་།

 

ངས་ཁྱོད་ལ་འཕྲིན་ཡིག་བྲིས་ཏེ  སུན་སྣང་སྤྲིངས་སོང

ངས་འཕྲིན་ཡིག་གི་ཁྱོད་ལ་སྡུག་ཡུས་ཀྱི་ཚོར་བ་ཁུར་ནས

ཁྱོད་ཀྱི་ལྷད་མ་འདྲེས་པའི་འཛུམ་བག་ལ་དྲི་ནོག་བྱུགས་སོང

ངས་ཁྱོད་ལ་ད་ལྟ་ཅི་འདྲའི་ཁམས་འདྲི་བྱས་ན་འགྲིག

 

ངས་དུས་ཚོད་ནི  ཐག་སྒྲ་སྟོང་བ་ཞིག་དང་འགྲོག་ཡོད

ང་ཡང་ཐག་སྒྲ་སྟོང་བ་ཞིག་དང་འགྲོག་ནས་ཡོད

 

ཁྱོད་ཀྱིས་ཐག་རིང་ནས   མེ་ཏོག་གི་ཡུ་བ་གཏོར་ནས

ངས་བརྩེ་དུང་གི་ཡང་སྙིང་དུ་གྱུར་སོང 

                 རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease