སྙན་ངག་ནི་བཙུར་ནས་ཡོང་བ་ཞིག་མ་རེད།

    རྩོམ་པ་པོ། གཤེན་མི།


སྙན་ངག་ནི་བཙུར་ནས་ཡོང་བ་ཞིག་མ་རེད། 

 
                གཤེན་མི།  རྔ་བ། 
 
སྙན་ངག་ནི་བཙུར་ནས་ཡོང་བ་ཞིག་མ་རེད
དགུན་གྱི་ཁ་བ་ཇི་བཞིན
དཀར་ཞིང་གཙང་ལ་ཡིད་འོང་གིས་འབབ་སྟངས་ཤིག་རེད
དེ་ཡི་རྗེས་སུ་དཀར་བོང་བོང་གི་འཇིག་རྟེན་ཞིག་བཞེངས་ཡོད
 
སྙན་ངག་ནི་བཙུར་ནས་ཡོང་བ་ཞིག་མ་རེད
དཔྱིད་ཀྱི་སྦྲང་ཆར་ཇི་བཞིན
ངར་ཤུགས་དང་སྙིང་སྟོབས་ཀྱིས་འབབ་སྟངས་ཤིག་རེད
དེ་ཡི་རྗེས་སུ་ལྗང་མདོག་གི་ཞིང་ཁམས་ཤིག་བསྐྲུན་ཡོད
 
སྙན་ངག་ནི་བཙུར་ནས་ཡོང་བ་ཞིག་མ་རེད
དབྱར་གྱི་མེ་ཏོག་ཇི་བཞིན
ཚེ་སྲོག་དང་ཐུག་འཕྲད་གནང་བའི་རང་དབང་གིས་སྐྱེ་སྟངས་ཤིག་རེད
དེ་ཡི་རྗེས་སུ་སྡུག་གུར་བཀྲ་བའི་མེ་ཏོག་གི་ལྷ་ཡུལ་ཞིག་ཆགས་ཡོད
 
སྙན་ངག་ནི་བཙུར་ནས་ཡོང་བ་ཞིག་མ་རེད
སྟོན་གྱི་སྙེ་མ་ཇི་བཞིན
བསིལ་རླུང་དང་བསྡེབས་ནས་ཤིག་ཤིག་འགུལ་བའི་རྟེན་འབྲེལ་གྱི་ཡོ་ལང་ཞིག་རེད
དེ་ཡི་རྗེས་སུ་སྙིང་ཉེ་བའི་མི་ཚོའི་ངོ་གདོང་ལ་ཡིད་ཚིམ་པའི་ཚོར་བ་ཞིག་འཁྱིལ་ཡོད
 
མདོར་ན
སྙན་ངག་ནི་བཙུར་ནས་ཡོང་བ་ཞིག་རྩ་བ་ནས་མ་རེད
            
2020.3.17
                       རྩོམ་སྒྲིག་པ། རྣོ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease