མིང་མེད་ཚན་པ་གསུམ།

    རྩོམ་པ་པོ། བཙན་མི།


མིང་མེད་ཚན་པ་གསུམ། 



            བཙན་མི། དཀར་མཛེས།

༡ མིང་མེད།
 
འུ་གཉིས་ལ་ན་ཚོད་ཀྱི་ཕ་རོལ་མཐོང་ཐུབ་པའི་གཏམ་རྒྱུད་ཅི་ཡང་མེད
ཐོག་མའི་མེ་ཆུ་ལྟ་བུའི་ཐུག་ཕྲད་ཀྱི་རྗེས་སུ
ང་དམར་ལམ་ལམ་གྱིས་འབར་ཞིང
ཁྱོད་ཤག་ཤག་གིས་བཞུར
ཁྱོད་ཀྱིས་ཅི་ཡང་བཤད་མ་ཕོད་པ་དེ་དག
ངས་སྒུག་སྒུག་མཐར
ཁྱོད་ཀྱི་མགྲིན་པ་ནས་རུལ་སོང

དུས་དེར་སྤྲིན་པ་ནམ་མཁའི་ཕ་རོལ་ཏུ་བཞུད
མེ་ཏོག་ཁ་རོག་གེར་གཟིམ
ཉི་འོད་ཀྱིས་ཁ་ཡོལ་ནག་པོ་ཞིག་གྱོན

འུ་གཉིས་ལ་ཕྱིར་འདང་མི་ཕོག་པའི་འདས་དོན་ཅི་ཡང་མེད
རྡོ་བ་གཉིས་ཀྱི་ཐུག་འཕྲད་ལས་མེ་སྟག་མི་མཆེད་པ་བཞིན
                   2020 1 19


༢ མིང་མེད།
 
ཚེ་འདིའི་སྟོང་བསམ་མཐའ་དག་རིང་དུ་དོར་ཏེ
འཁྲུལ་སྣང་གི་སྒེའུ་ཡོལ་ཕག་ནས་ཕྱིར་བསླེབས་ཚེ
ང་ལ་དོན་དམ་དུ་ཅི་ཞིག་འདུག

སྟོང་བ་ཁོ་ན་སྤྱི་བོར་སྒོམ་སྟེ
ཟང་ཟིང་ཡོད་ཚད་སྙིགས་མར་བལྟས་རྗེས
ངས་རང་སེམས་ཀྱི
ཆ་འགྲིག་པའི་བྱུ་རུ་རྡོག་གཅིག་བོར་བརླག་ཐེབས

ངས་རང་ཉིད་ལ
རྡོ་བ་གཉིས་གསེར་ལ་ལྟ་བའི་ནོར་འཁྲུལ་བརྗོད་ཀྱང
གཏོང་མི་འདོད་པའི་མིག་ཟུང་གཉིས་ཀྱིས
རྨི་ལམ་གྱི་ལྷིང་འཇགས་གྱོན་ཏེ་འཚོལ་དུ་བུད་འགྲོ

སྟོན་མཇུག་གི་མེ་ཏོག་ལ་ཆུ་བྲན་པ་བཞིན
འཁོར་བའི་ཕྱི་རོལ་ཏུ་བུད་པའི་ང
འཐོར་ཞིག་གི་ཕམ་ཁས་མནར་ཏེ་ཕྱིར་ལོག་དགོས་བྱུང

སྙིང་ཉེ་ལགས
ད་ནི་ང་ལ་མ་འོངས་པའི་འཆི་འཕོས་ཁོ་ན་མ་གླེང་རོགས
                   2020 1 9


༣ མིང་མེད།
 
ངའི་མིང་ལ་སྡུག་བསྔལ་ཟེར
ཁྱོད་ཀྱིས་ང་ལ་ཐེངས་གཅིག་ཀྱང་ཕྱིར་ལྟ་མ་བྱེད་རོགས

ངའི་མིང་ལ་སྐྱོ་བ་ཟེར
ཁྱོད་ཀྱིས་ང་རང་ཐེངས་གཅིག་ཀྱང་སེམས་སུ་མ་སྒོམ་རོགས

ངའི་མིང་ལ་ལན་ཆགས་ཟེར
ཁྱོད་ཀྱིས་ང་རང་ཐེངས་གཅིག་ཀྱང་མ་དྲན་རོགས

ཁྱོད་ཀྱིས་ཁ་ཕར་འཁོར་རྗེས
ཁེར་རྐྱང་གིས་གདུང་བའི་ང་ལ་མི་ལྟ་བར་རྒྱང་བཞུད་གནང་རོགས
ཁྱོད་ཀྱི་སེམས་པ་རྒྱང་བཞུད་གནང་རོགས
             2020 1 9


ཁྱོད་བུད་སོང་།        

ཁྱོད་བུད་སོང  ཤུ་རེ་ཁོ
ཁྱོད་འགྲོ་ཚུལ་འདི་ན་ཚོད་ཀྱི་ཟླ་བ་གསལ་དུས་ཤིག་མིན་ན
ངས་ཤིན་ཏུ་སྐྱེངས་བའི་གྲུ་ཆུང་འདི
ཁེར་རྐྱང་གི་རྒྱ་མཚོར་བཏང་དགོས་མེད་ཨང

ཁྱོད་བུད་སོང  ཤུ་རེ་ཁོ
ཁྱོད་འགྲོ་ཚུལ་འདི་སྐྲ་འཁྲུད་ཀྱི་དྲི་མ་ཞིམ་དུས་ཤིག་མིན་ན
ངས་མནར་གཅོད་ཀྱི་དོད་དུ
བྲག་ཁོག་སྙན་ངག་གིས་རྡུང་དགོས་མེད་ཨང

ཁྱོད་བུད་སོང  ཤུ་རེ་ཁོ
ཁྱོད་འགྲོ་ཚུལ་འདི་ང་རང་གསོན་ཡོད་སྐབས་ཤིག་མིན་ན
ངས་མཚན་མོ་ཧྲིལ་བོ་ཞིག་སྤྱད་དེ
ཕངས་སེམས་ཀྱི་ཤུགས་རིང་འཐེན་དགོས་མེད་ཨང

ཁྱོད་བུད་སོང  ཤུ་རེ་ཁོ
ཁྱོད་འགྲོ་ཚུལ་འདི་བར་ཐག་གི་གྱང་ལེབ་ཞིག་དུས་ཤིག་མིན་ན
ངས་གཤོག་པ་མེད་པའི་ཕྱེ་ལེབ་གཉིས་ལ
ང་རང་སྟོང་ཚུལ་གྱི་འཕྲིན་ཡིག་འབྲི་རུ་བཅུག་དགོས་མེད་ཨང

ཁྱོད་བུད་སོང  ཤུ་རེ་ཁོ
ད་ནི་ང་རང་ཧེ་ཙིའི་གྲིབ་མར་ཁེན་ཏེ་གཏན་དུ་གཉིད་ཐུབ་ན་ཨང
            2019 12 8

                     རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease