ཉི་ནུབ་ཀྱི་གླུ།

    རྩོམ་པ་པོ། དབལ་ཡན་མ།


ཉི་ནུབ་ཀྱི་གླུ།


             དབལ་ཡན་མ།

 

རབ་རིབ་རབ་རིབ་ཏུ་གྱུར་བའི

དུས་ཚོད་ཀྱི་རྟ་ཕོ་ལོང་བ་དེ་མདུན་ཕྱོགས་སུ་རྒྱུག

 

སྒེའུ་ཁུང་ནི་སྙིང་ཉེ་བའི་ཉི་འོད་དུམ་གཅིག་འགྲུལ་བར་ཡོང་ས་སྟེ།

འཛུམ་མདངས་དང་བཅོས་མིན་གྱི་དྲོད་ཁོལ་ཞིག་ཀྱང་མིག་ཁར་ལྷུང་འོང

 

ཁ་བ་བབས་རྗེས་ཀྱི་ལྕང་མ་གཉོམ་པོ་དེ་དག་ནི

ཁེར་རྐྱང་དང་རེ་སྒུག་མཚོན་བྱེད་ཁོ་ནར་ངེས

 

ཆུ་ལྷམ་གྱོན་མཁན་གྱི་སྨིན་མའི་ནང་དུ་བདེ་སྐྱིད་ཀྱི་ཉི་འོད་ཆགས

རོལ་དབྱངས་དཀྲོལ་བའི་ཆང་མ་ཞིག་སུན་སྣང་གི་འཛུམ་གྱིས་རྒས

 

དུར་ཁྲོད་དུ་ལུས་པའི་བེན་པོ་དག་སྦར་ཤུལ་གྱི་མེ་ལྕེས

ལྷིང་འཇགས་ཀྱི་རྨི་ལམ་ནང་དུ་མཚན་ཉུལ་གང་མང་བྱས

 

ཨར་འདམ་གྱི་རྩིག་པའི་ངོས་སུ་མཚོན་བྱེད་གྱི་རི་མོ་མང་དུ་བབས

ཞེ་ལ་ཐོགས་པའི་མཛའ་གཞས་ཤིག་གི་འགྱུར་ཁུག་རེ་རེས

མི་སྡུག་པའི་སྡོང་ལོ་དུ་མ་ཧྲིལ་གྱིས་བསྲེགས

 

ཉིན་མཚན་གཉིས་སུ

ཡིད་འོང་གི་གཏམ་རྒྱུད་ཀྱང་མང་དུ་བྲིས

               2020.3.3


སྙན་ངག་བཙའ་རོ་མ།

 

བཙའ་ཆགས་པའི་ཐ་སྙད་དེས་ཁྱོད་ལ་ཅི་བྱ

མུན་པ་དང་ཐལ་མདོག་གྱོན་པའི་སྲང་ལམ་དེས་ཁྱོད་ལ་ཅི་བྱ

བརྩེ་བ་འཇིག་རྗེས་ཀྱི་འཛུམ་མདངས་སྐྱུར་བོ་དེས་ཁྱོད་ལ་ཅི་བྱ

མ་དག་སྣང་བས་བསྡམས་པའི་ཞེན་ཆགས་དེས་ཁྱོད་ལ་ཅི་བྱ

 

ཁྱོད་ཀྱི་ཁ་དོག་ནི་ཡིད་དུ་འོང་བའི་ན་ཟུག་ཅིག་སྟེ

མི་སེམས་ཀྱི་གཙང་བོ་ཡོམ་པར་བྱེད་པའི

ལོ་ཟླའི་སེར་ཁར་འཚང་བའི་ས་རྡུལ་སྤར་བ་གང་དང་འདྲ་ཨང

 

ཉི་འོད་གྱོན་པའི་དགུན་གཞུང་གི་དུས་ཚིགས་སུ

ཁྱོད་ཀྱི་བརྩེ་དུང་གི་ཡོབ་ལུང་ཆད་པའི་སྐྱོ་ཡུས་དེ

དུས་ཚོད་ཀྱི་རྟ་ཕོས་ཀྱང་ཁོག་ཏུ་བཞུག་ཐབས་བྲལ

 

ཞི་བར་གཤེགས་པའི་སྣང་བ་འཁྱག་པ་དེ

འདས་ལོག་བརྒྱབ་པའི་ཉིན་མཚན་གཉིས་སུ་འཁྱམས

སྐད་ཆ་རེ་རེས་སེམས་པ་སྦྲིད་དུ་བཅུག་རྗེས

ཁ་རོག་གེར་དུས་ཚོད་ཀྱི་ཕར་རྒྱབ་ཏུ་ལོག་པར་མོས་ཨང

                 2020.3.2

 

རབ་ཏུ་འཁྱགས།

 

ཁྱོད་ཀྱི་མགྲིན་པར་མིག་གིས་མི་བཟོད་པའི་ཁ་དོག་འཚེར

སུན་སྣང་བརྩེགས་མའི་གྲིབ་མ་དགུ་བརྩེགས་བཞད

རྣམ་པར་མ་ངེས་པའི་དུས་ཚོད་ཀྱི་སྐྱོ་དུབ་སྤུངས

ཚེ་ཡི་ལན་ཆགས་ཁུར་བའི་འབུ་སྲིན་གྱི་འཛེར་སྒྲ་འཛིང

དུས་ཚོད་ཀྱི་རྟ་ཕོ་ལོང་བ་དེ

ཁྱོད་ཀྱི་ཁེར་རྐྱང་གི་རྩྭ་ཐང་དུ་ཡན

མུ་མཐའ་མེད་པའི་ནང་སེམས་ཀྱི་འཇིག་རྟེན་རབ་རིབ་དེས

ཁྱོད་ཀྱི་མཛེས་སྡུག་གི་སྙིང་བོའང་ཁྱེར་སོང་བ་འདྲ

ཉི་ནུབ།


ཁྱོད་ཀྱིས་ཁྱུར་མིད་དུ་བཏང་མྱོང་བའི་སེམས་པ་འདི

ཁྱོད་ཀྱི་ཕྱིར་དུ་འབུ་སྦྲང་མ་ཞིག་གི་རྣམ་ཤེས་སུ་སྐྱེས


གློ་བུར་བའི་ན་ཚ་དང་ཟུག་གཟེར་གྱིས་སྦྲིད་པའི

ངོ་གདོང་སྙི་མོ་སྙི་མོ་དེ           ཡུན་རིང་དུ

དུས་ཚོད་ཀྱི་སོ་ཁར་འདར་ཡོམ་ཡོམ་བྱེད


མུན་པ་ཡུག་གཅིག་གི་སྣེ་མོར་ཐོགས་པའི

མིག་ལོང་བའི་ཕྱེ་མ་ལེབ་ཀྱི་ཚོགས

ས་རྡུལ་ལྟ་བུའི་རྨི་ལམ་གྱི་ནང་དུ་ཉུལ


ཁེར་རྐྱང་གི་དུས་ཚོད་བརྩིགས་པའི་ལོ་ཟླ་དེར

ཁྱོད་ཀྱི་སྐུད་པ་ལྟ་བུའི་ཤེས་རབ་ཀྱི་སྐྱ་ཞིག་ཅིང

འདུན་མའི་རྩེ་རུ་ཡོམ་ཡོམ་འགུལ་བའི་ལོ་ཆུང་གི་སྣང་བ

སྐད་ཅིག་གཅིག་གི་ཡུན་དུ་འཕྲོ་རྫོགས་པར་བྱས

                2020.2.28
                         རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease