མགུར་ཆུང་མཛེས་སེ་མ།

    རྩོམ་པ་པོ། ཚོར་རྐང་།


འཁོར་བའི་ན་ལུང་གོང་ཞོལ།
  
 
            ཚོར་རྐང་།  མགོ་ལོག
 
ལྟོས་དང་འཁོར་བའི་ན་ལུང་གོང་མ་ན།།
ཆགས་སྡང་རི་སྐྱེས་རི་དྭགས་རི་ན་འདུག །
ཉོན་མོངས་རྟ་རྒན་རྟ་སྒ་སྟད་ནས་འདུག །
ཕྲག་དོག་བྱ་བརྒྱས་བྱེའུ་བརྒྱ་བསྐོར་ནས་འདུག །
ཞེ་སྡང་ཆུ་ཆེན་ཆུ་ཆུང་བྲུག་ནས་འདུག །
འདོད་པའི་ཐང་དཀར་ཐང་ནག་འཁོར་ནས་འདུག །
འབྱོར་བོས་གནམ་ལ་དུ་བ་བདུག་ནས་འདུག །
མེད་པོས་ས་ལ་དབྱུག་པ་རྡུང་ནས་འདུག།
འཁོར་བ་སྡུག་གི་རྒྱ་མཚོ་ཡིན་རབས་ཟེར།།
ཡང་ན་ཁབ་ཀྱི་རྩེ་མོ་ཡིན་ནོ་ཞེས།།
ཨེ་མ་ལྟ་བའི་ལྟད་མོ་ག་འདྲ་གདའ།།
 
 
ལྟོས་དང་འཁོར་བའི་ན་ལུང་ཞོལ་མ་ན།།
རྒྱུ་འབྲས་རྒྱ་མའི་རྒྱ་རྡོ་གཡོན་ནས་འདུག །
དགའ་སྐྱོ་སྤྲིན་དཀར་སྤྲིན་ནག་འཁྲུགས་ནས་འདུག །
རྣམ་རྟོག་ཤིང་གི་ཤིང་སྣ་གཅུས་ནས་འདུག །
ཡིད་གཉིས་རྟ་གླང་སྟོང་ཕྲག་འཐབ་ནས་འདུག །
སྒྲོ་འདོགས་ཕོ་རོག་ནགས་ལ་འཚང་ནས་འདུག །
མཐོན་པོའི་དབུ་ལ་དབུ་ཞྭ་འཛོམས་ནས་འདུག །
དམའ་མོའི་རྐང་གི་རྐང་ལྷམ་རལ་ནས་འདུག །
འཁོར་བ་བྱེ་མའི་བྱང་ལམ་རེད་དོ་ཟེར།།
ཡང་ན་མི་འགྲུབ་སྒྱུ་མའི་ཞིང་རེད་ཅེས།།
ཀྱེ་མ་ལྟ་བའི་ལྟད་མོ་ག་འདྲ་གདའ།།
         2020/2/4
མགུར་ཆུང་མཛེས་སེ་མ།
     
སྤྱིར་ལས་ཀྱི་རི་དྭགས་ཨེ་ན་ཡས།།
དགོས་འཁོར་བའི་སྒྲུང་ལ་སྙན་པ་སྣང་།།
ཁོང་མི་ལའི་མདུན་གྱི་མཛེས་སེ་བཞིན།།
ངག་མཆི་མས་འདན་ལ་དགོས་པ་ཅི།།
སྟོད་ལ་མོའི་ཡིབ་ཀྱི་རྔོན་པ་གཉིས།།
བོའུ་ཁྲ་རིང་ཐོགས་པ་འདྲ་ན་ཡང་།།
མདའ་ལུ་མའི་འབེན་མིག་ཁ་ཁ་རེད།།
 
ཕྱི་འཁོར་བའི་ལུང་ཆེན་བཅོ་བརྒྱད་ན།།
ནང་འཁྲུལ་བའི་ཆུ་ཆེན་བཅོ་བརྒྱད་བཞུར།།
ཤར་རི་ཁྲོད་དབེན་པའི་རྣལ་འབྱོར་དེ།།
ཐུགས་ཏིང་འཛིན་ཞི་བ་ལ་གནས་ཀྱང་།།
བྲག་སྒོ་མེད་སྒོ་ཡི་མཛེས་སེ་གཉིས།།
ཆུང་བྱམས་པ་ཡིན་ལུགས་འདྲ་ན་ཡང་།།
སེམས་འཚོ་སའི་འཚོ་ལུང་ཁ་ཁ་རེད།།
 
ཁྱི་ར་བས་ཤྭ་བ་བོར་ཏེ་ནི།།
བྲག་ཕུ་མེད་སྒོ་མེད་བསྐོར་ཏེ་འདུག །
རི་ལ་སྟོད་སྤྲིན་པ་སྣམ་གང་གིས།།
རས་བེར་དཀར་གཤོག་པ་བཟོས་ཏེ་འདུག །
སྟབས་ལེགས་ཉེས་སྒྱུ་མའི་བྱ་རྒོད་དག །
བྲག་གཅིག་ལ་འབབ་པ་འདྲ་ན་ཡང་།།
བྱ་འཕུར་སའི་འཕུར་ལམ་ཁ་ཁ་རེད།།
 
བུ་ཅང་མེད་བཙན་ས་རི་ནས་ཚུགས།།
མགུར་མ་བཞེངས་བདེ་ཆེན་གླིང་ནས་བཞེངས།།
མ་མཛེས་སའི་སོར་རྟོག་སྤར་བ་གང་།།
མིག་མཆི་མས་མཆོད་ལ་ཉེས་པ་ཅི།།
སེམས་སྐྱིད་པའི་སྐྱིད་གླུ་འཐེན་ས་དང་།།
ཡང་སྡུག་ན་སྡུག་གཏམ་བཤད་ས་གཉིས།།
མཐའ་སྐོར་སའི་སྐོར་ལམ་ཁ་ཁ་རེད།།
 
མ་འཁྱར་མོ་པེ་ཊའི་མྱ་ངན་གྱིས།།
ཐུགས་མཉེས་པ་བྱུང་ངམ་ཐོས་པ་དགའ།།
མཐའ་ཟད་དུ་མེད་པའི་འཁོར་བའི་གཞས།།
དུས་ད་དུང་སྙན་པ་མཐའ་ཡས་སོ།།
ལས་སྐྱེ་འཆིའི་ལན་བུ་བསིལ་བ་དང་།།
སྨན་མཛེས་སེ་མཐོང་བས་སྨྲེང་བ་གཉིས།།
སེམས་སྐྱོ་བའི་སྐྱོ་ལུགས་ཁ་ཁ་རེད།།                                      
        2020/2/14
བ་ཡན་ཐང་གི་མགུར།                     
 
གནམ་ཨ་སྔོན་ཡངས་པའི་གུར་ཁང་དུ། །
སྤྲིན་དམ་དུམ་གར་གོར་གཡོ་འོ་ལོ། །
རི་རྩེ་གསུམ་སྨུག་པའི་སྟེང་ཤོད་དུ། །
རྒོད་ཐང་དཀར་ཐང་ནག་འཁོར་རོ་ལོ། །
སྟོད་ལུང་གསུམ་ར་ལག་མདུད་མཚམས་སུ། །
སྨུག་གྱ་མ་གྱུ་མ་འཐིབས་སོ་ལོ། །
ས་པད་མ་བརྩེགས་པའི་འདབ་མ་རུ། །
རྩི་ཁྲ་ཆིལ་དམར་ཆིལ་བཞད་དོ་ལོ། །
སྨད་ཐང་གསུམ་པད་མའི་སྦུབས་ཚལ་དུ། །
སྤང་ཨ་འཇམ་ཁ་འཇམ་ཡངས་སོ་ལོ། །
ད་ནེའུ་གསེང་མེ་ལོང་ལྗང་གུ་མར། །
གུར་དཀར་ཆུང་ནག་ཆུང་འབུབས་སོ་ལོ། །
ཡང་ཕྱུགས་ཀྱི་མར་ཁུ་ལྟེམས་མེ་རེར། །
སྦྲ་ལྷས་བཞི་སྒོ་བཞིས་བཀང་ངོ་ལོ། །
མ་བསོད་ནམས་འཁྲིགས་པའི་ཟེའུ་རུ། །
དཀར་འོ་མ་རུ་མ་འཁྱིལ་ཏོ་ལོ། །
ད་འཁྱིལ་ནས་དཔལ་ལ་རོལ་ཏོ་ལོ། །
 
ཐང་མར་གད་ཞུ་བའི་མེ་ལོང་དུ། །
འོད་ལམ་མེ་ལམ་མེར་འཕྲོ་འོ་ལོ། །
གོས་གཡུ་ལོའི་ཤམ་བུ་སྔོ་བཅད་མར། །
རུ་སྡེ་ཆེན་ཚོམས་ཆེན་ཆགས་སོ་ལོ། །
སྦྲ་ཆོན་ཐག་བརྐྱངས་པའི་དུད་སྒོ་ནས། །
དུད་བུན་ནེ་བུན་ནེར་འཕྱུར་ཏོ་ལོ། །
དགུང་མཚམས་སྤྲིན་ཐང་མའི་འོག་རོལ་ནས། །
ནུབ་གྲིབ་ཆེན་གྲིབ་ཆུང་བཀུག་གོ་ལོ། །
རྟ་མོག་མོག་རྔོག་མའི་ཚེ་མདུད་ཅན། །
རྣ་ཀྲོག་ཀྲོག་རི་ནས་འཚེར་ཏོ་ལོ། །
ད་སྣང་བའི་སྲབ་ཁ་དཀྱུས་པ་ནས། །
ན་ཐོང་ཐོང་དར་ལ་བབས་སོ་ལོ། །
ཡང་འཁོར་བའི་རི་དྭགས་འདྲོགས་ས་ནས། །
སེམས་རྡེའུ་དཀར་རྡེའུ་ནག་གཡོ་འོ་ལོ། །
བྱ་ཚང་ནས་མཁའ་ལ་འཕུར་བ་ལྟའི། །
ང་མི་རྐྱང་རྟ་རྐྱང་ཡིན་ནོ་ལོ། །
ད་ཡིན་ནས་རྒྱལ་ཁམས་བསྐོར་རོ་ལོ། །
               2019/7/5
 རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སླིབ་གླིང་།
名字 :     德拉
地址 :   青海省果落州甘德县上贡麻乡
                        རྩོམ་སྒྲིག་པ། མགོ་ལོག་ཆུ་ཐིགས།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease