ཆུ་ངོས་ཟླ་བར་བསྐུས་པའི་འཆར་ཡན།

    རྩོམ་སྒྲིག་པ། སྦྲང་ནག


ཆུ་ངོས་ཟླ་བར་བསྐུས་པའི་འཆར་ཡན།
སྙན་ཚོམ།

                         སྦྲང་ནག དཀར་མཛེས། 


 

ཆུ་ངོར་བརྒྱུས་པའི་ཟླ་གཟུགས་འོད་འཚེར་རླུང་བུ་ཡན་པོས་ཕྱོགས་ཙམ་གཡོ།།
རི་དྭགས་མིག་ཅན་ལྷོད་ཀྱིས་གློད་དེ་མིག་གིས་དོ་ཤལ་བྲེས་པའི་མུར།།
མི་གཡོ་ཏིང་འཛིན་རབ་རྟོག་ཁ་ཤོར་ཡང་ཡང་དྲུང་དུ་རྒྱུ་བ་ན།།
མཆོད་པ་བརྒྱད་པོ་ཕྱག་ཏུ་བསྣམས་ཏེ་ནགས་སུ་ཞུགས་དང་གཉིས་སུ་མེད།།
ལང་ཚོའི་འཕྱོར་སྒེག་ངོམ་པའི་ཆུ་ཕྲན་སྡོང་པོའི་ཡལ་གར་འཁྲིལ་དང་མཚུངས།།
 

བརྩེ་ཆེན་སྤྱན་གྱིས་འཚོས་པའི་ཟླ་འོད་སྐལ་བཟང་ཕོ་ཉ་མངོན་པར་མཐོ།།
ཐིག་ལེ་གསེར་ལྡན་ལེན་པའི་རྐང་དྲུག་གར་ལ་རྩེན་པའི་མུ་ཁྱུད་ཀྱི།།
བསོད་ནམས་རྟ་བདུན་བགྲོད་པ་གཅིག་པུའི་ཟླ་གཟུགས་ཕྲ་ལ་ཐང་མར་བརྡལ།།
མ་ཤོང་སེམས་པར་འཁྲེང་ཞེན་འཆང་བའི་བཅོས་མ་མིན་པའི་མཐུ་བྲལ་ཏེ།།
འཛད་མེད་འཚར་སྡུག་བརྒལ་བའི་ས་མཐའ་སེམས་ཀྱི་ཡུལ་ལས་འགོངས་ཏེ་འཕྱོ།།
 

ཁམས་གསུམ་མཛེས་མའི་ཨ་ག་རུ་ཡི་དྲི་ཞིམ་སྐྱེས་སུ་ཕུལ་བར་འཁུ།།
ཕྱོགས་སུ་མ་ལྷུང་ན་ལེ་ཤམ་གྱི་ཚ་བ་དང་དུ་ལེན་པར་བརྩོན།།
དྲི་ཟའི་བུ་མོ་ཨ་རུ་ར་དང་བརྩེ་བའི་སྤུ་ལོང་གཡོ་མཚོན་དུ།།
བཅོ་ལྔའི་ཟླ་བར་བཅར་འདྲི་ཞུ་བས་ཤིང་བལ་འདབ་མ་སྐྱེངས་པར་བྱས།།
ཨག་ཚོམ་ཅན་གྱི་རྒས་འཁོགས་དེ་ཡིས་ལྟ་ན་སྡུག་པའི་མཆོད་སྤྲིན་གྱུར།།
 

མཛའ་བརྩེའི་རྨུ་ཐག་སྒྱུ་མའི་སྔགས་ཀྱིས་སྤར་ཁ་མི་ལྷོད་རང་གར་བཞག།
ཆུ་བོའི་གཞུང་དུ་ཟླ་གཟུགས་བཞད་ཅིང་ལྷིང་འཇགས་ཡུལ་ལྗོངས་ཧུབ་གང་རྔུབ།།
རྨ་བྱ་སྒེག་ལྡན་འཛུམ་པའི་བཞིན་ཡང་མྱོས་ཤིང་སྦྲིད་དེ་རྔུལ་ཆུ་འཛག།
ཐུར་འབབ་རྔུལ་ཆུ་པདྨའི་གདོང་ལ་རྟ་ཕོ་གཤོག་ཐོགས་ལྟར་དུ་བསྙིལ།།
ལྷ་ཟླའི་ཆ་བྱད་འདོར་ལ་བྲེལ་བར་འཛུམ་དཀར་ཞལ་གྱི་ཆུ་འཛིན་གཏམས།།

 
ཚོར་དྲུག་དབང་ཤེས་ཉམས་དགའི་ངང་དུ་རང་བྱུང་ཟླ་བའི་གྲོང་ཞེས་པ།།
ངོ་བོ་རྗེན་པ་མཚོ་ལ་བཞེངས་ནས་ལྷ་ཡི་མིག་གི་སྐར་ཚོགས་ཀྱིས།།
རྟེན་འབྲེལ་སྐུད་སྣེར་དྲངས་པ་ཡག་སོང་སོ་སྐྱེ་ངེད་ཅག་འཕྲད་ལ་བྲེལ།།
མཛེས་སྡུག་ཆུ་བལ་ལན་བརྒྱར་གནས་ཀྱང་ཟླ་བའི་ཆུ་ཕྲན་བསྐྱིལ་སྙིང་བྲོད།།
ཚོར་བའི་ཕང་བར་ཆུ་ངོགས་ཟླ་གཟུགས་བཅུ་དྲུག་ལོན་པའི་ལང་ཚོར་བཀླུབས།།
 

མཚོ་ལ་བཏབ་པའི་ཟླ་བའི་གཟུགས་བརྙན་གསལ་ལེར་ངོས་ལ་འཚེར་པ་ན།། 
གང་ལ་རེག་པའི་སྐར་མདའ་ཡེར་ཏེ་དབུ་པཎ་ཏོག་ལ་འཕྲོས་ཙམ་བྱུང་།།
དེ་ནས་སླར་ཡང་གྲིབ་མས་བཀབ་ཅིང་མིག་སྔར་འཁྱུག་ཙམ་བྱས་ནས་གྲོལ།།
སྐད་ཅིག་ཉིད་ལ་འཐག་མཁན་བུ་མོའི་རྨི་ལམ་ནང་ལ་ཡིབ་པའི་ལྗོངས།།
བལྟས་ན་མི་བཟོད་གློ་དང་རྒྱུ་མར་བདེ་བའི་དཔལ་དུ་ཕོ་ཉར་བཏང་།།
                  ༢༠༡༩ ༡༣ཉིན་གྱི་མཚན་མོར་སྦྱར། 

དབྱངས་ཀྱི་བདག་མོར་ཕུལ་བའི་སྙན་ངག
 

སྣང་བ་རང་སར་གྲོལ་བའི་གླུ་འདི་དགའ་བའི་སེམས་ཀྱིས་གཏད་ནས་ཉོན་དང་།།
ཏིང་འཛིན་མངོན་སུམ་གསལ་བའི་གདོང་ལ་ཡིད་འོང་སེང་གེ་པདྨ་བསླེབ་ངེས།།
འཇམ་མཉེན་ལག་ཟུང་རྒྱུད་སྐུད་འཁྲི་ཤིང་སྐྱོམ་པའི་སྙིང་ཆུང་འདར་ཙམ་ངང་དུ།།
གངས་རིའི་པང་ལ་བཏབ་པ་འདི་ནི་དབྱངས་གསལ་རྒུམ་པའི་ཆོ་ག་རེད་ཨང་།།
 

དུས་གསུམ་ཀུན་ཏུ་ཁྱོད་ཀྱི་དབྱངས་ལ་འཁྱུད་པའི་མིག་མི་འཛུམ་པའི་གཞུ་རྒྱུད།།
རཱ་མའི་མདའ་ལས་འགོང་བའི་ནོར་འཛིན་འགྲམ་པའི་ཐིག་ལེར་ཚངས་སྲས་བཞད་པ།།
ཟླ་གཞོན་ལང་ཚོའི་དཔྱིད་དཔལ་བསྒོས་པའི་སཱི་ཏཱ་སླེབས་སའི་རྔ་ཡབ་གླིང་དུ།།
ན་ཆུང་བདག་གིས་དབྱངས་ཅན་བོས་ན་སྒྱིད་པ་འདར་བའི་ཚོད་དུ་ལོན་ཡོད།།
 

ལས་ཀྱི་རོལ་མོ་དཀྲོལ་བའི་ངག་ལ་དང་བའི་ཟེ་བ་བརྡོལ་བར་ལྟོས་དང་།།
བརྩེ་བས་སྦྲུམ་པའི་མིག་གི་སྒོ་ཆུང་ལྷེམ་ལྷེམ་རྡེབ་པའི་གར་ལ་ཞུགས་ཐུབ།།
དབྱངས་མཁན་ཁྱོད་ཀྱིས་ང་ཡི་ཉེ་སར་ལོ་ཟླའི་ལྷ་སྒྲུང་འགྲེལ་ནས་ཡོང་སྐབས།།
སེམས་ཀྱི་རྟ་ཁ་ལག་པས་མ་ཟིན་ཛ་ཧུའི་བུ་མོའི་སྙིང་ལ་བསྣུན་སོང་།།
 

རང་བྱུང་དབྱངས་ཀྱིས་མགྲིན་པའི་མཛའ་བོ་མྱོས་པའི་དྲན་པ་འཁྲུག་པའི་བསླུ་བྲིད།།
མཐའ་བྲལ་རྒྱ་མཚོའི་གྲང་འཁྱག་ཀློང་དུ་སྡིག་པའི་མེ་ཏོག་བཞད་པ་ལྟར་དུ།།
ལྷན་སྐྱེས་རིག་པའི་ཕོ་ཉའི་དལ་གྱིས་ཞེན་ཆགས་དང་བཅས་བཀྲུས་པའི་དབྱངས་ལ།།
ངེས་མེད་འཛུམ་པ་དབྱངས་ཅན་ངག་ལ་སྐྱེ་དགུའི་སེང་གེ་དཀར་མོ་འཁོར་འདུག། 
 

ཙནྡན་རྐང་འཐུང་གྲིབ་བསིལ་འོག་ཏུ་དབྱངས་ཅན་དགའ་མའི་ཚངས་དབྱངས་སྒྲོག་ན།།
ཐོས་པ་ཙམ་གྱིས་རྣམ་ཤེས་འཕོ་བའི་ཉམས་མགུར་པེ་ཏའི་ཡུལ་ལ་འགྱུ་བ།།
རོལ་བའི་ཚོགས་དྲུག་རྣམ་པར་བཀྲ་བའི་སྐལ་ལྡན་རྒྱ་མཚོའི་སྒོ་མོ་རྡུང་འོང་།། 
གཅིག་ཆར་འབྱེད་པའི་དོ་ཧའི་མགུར་ལ་རྟག་ཏུ་ངུ་ཡིས་མཆོད་པ་བཤམས་སོང་།།
 

མ་བཞེངས་དབྱངས་ཀྱི་བདག་མོ་ཡིད་འཛིན་བུ་མོའི་ཁ་ཚིག་བརྟན་པ་འདི་ནི།།
བདག་གི་ངག་ལ་ལྡང་བའི་འབའ་འབའ་ལུ་གུའི་རྐང་རྡུབ་གསིལ་བའི་ཕྲེང་བ།། 
ལྷ་ཀླུ་བྱ་མ་རྟ་སོགས་ཏིང་འཛིན་དྲིལ་ཆུང་སྙན་པའི་ག་བུར་བསྐོན་ན།།
སྲིད་པའི་ཕུན་ཚོགས་ཉུག་པའི་མཁའ་ལྡིང་ཁྱུ་ཡིས་ཆུ་གཏེར་ཟབ་མོ་རྒྱས་སོང་།། 
 

རྟེན་འབྲེལ་མཚན་དཔེའི་ཉི་མ་རིག་བྱེད་གླུ་ཡི་བཅུད་ལ་དགྱེས་པར་རོལ་བ།།
ཉི་མའི་འོད་གསལ་ཞིང་གི་ལྷུན་གྲུབ་རིག་པའི་མགུར་དུ་ཅི་ཡང་བརྒྱུས་ཏེ།།
རང་བཞིན་གཤིས་ལ་རྒྱུ་བའི་མཚོ་བྱུང་དགའ་མའི་གདུང་བ་གཏིང་ནས་བསྔོགས་འགྲོ།།
རེ་བའི་སེམས་ཀྱིས་སྤྲིངས་པའི་འཕྲིན་པ་མདུན་དུ་བསྒྲུགས་པའི་ལོ་ཟླས་བསྙལ་ཡོད།།
 

ལས་ཀྱི་རྒྱལ་མོའི་ཤིང་རྟར་ཕེབས་པའི་དབྱངས་མཁན་སྲས་དང་སྲས་མོ་རྣམས་ཀྱིས།།
རྨ་བྱ་དགའ་བའི་གར་གྱི་སྐྱེ་མཆེད་གངས་རིའི་ལྗོངས་སུ་འཁྲབ་ཐེངས་རེ་ལ།།
བྱ་རྒྱལ་རྒོད་པོའི་མགྲིན་པ་སྐྱེངས་པའི་མི་སྡུག་གཟུགས་ཀྱི་ཀུན་བཟང་རང་ཞལ།།
བཅོས་མིན་མཚར་སྡུག་རྨད་བྱུང་བློ་ཡིས་གཞོན་པའི་ཨུཏྤལ་གང་དུ་ཕྱོགས་སོང་།།
 

དབྱངས་ཀྱི་བང་མཛོད་བསྐྱིལ་བའི་བདག་མོ་ཚུར་ཚུར་གཤེགས་ཤིག་བརྗོད་བྲལ་ཀློང་དུ།།
སེམས་ཀྱི་འཇིག་རྟེན་ཡངས་པོར་ཕྱེས་ཏེ་རིགས་པའི་སྐལ་ཆང་ཁྱོད་ལ་སྐྱེམས་རྟགས།།
ཕུན་ཚོགས་སྒྱུ་འཕྲུལ་ཚིག་གཏེར་དྲངས་ནས་འཛད་མེད་ཚོར་བའི་སྣང་བརྙན་ཕབ་ལ།།
ཕྱོགས་བཞི་མཚམས་བརྒྱད་གང་ནས་བལྟས་ཀྱང་འཆར་ཡན་རྟ་ཕོ་འདར་ཞིང་འཕྱོ་བྱུང་།།
 

སེམས་རྩ་དཀྲིགས་པའི་དབྱངས་ཅན་ཁྱོད་ཀྱིས་གཏོར་བའི་ངག་ལ་ཐིམ་པའི་ང་རང་།།
ཚེས་མི་ཐུབ་པའི་སྐྱ་རེངས་དེ་ལས་རང་སར་གྲོལ་བའི་རྗེས་ཤུལ་བསྙེགས་ཀྱང་།།
གབ་པའི་གསང་བ་བསྒོས་པའི་རྐྱེན་གྱིས་དབྱངས་ཀྱི་བདག་མོ་རྟོག་པའི་ངོས་སུ།།
ཞི་ཞིང་ལྷོད་པའི་འཁོར་བར་བརྟེན་ནས་འཕྲུལ་གྱི་ཟོལ་གྱིས་བརྟན་པོར་བཞེངས་སོང་།།

                       ༢༠༡༩ ༡༥ ཉིན་བརྗོད་བྱ་གླེང་བསླངས། 

                       ༢༠༡༩ ༡༨ ཉིན་གྱི་སྲོད་ལ་རྫོགས་པར་བྲིས། 

                       ༢༠༡༩ ༢༥ ཉིན་ལ་དག་བཅོས་བྱས། 

 བརྩེ་བའི་རྒྱ་མཚོ་བསྲུབས་པའི་ན་ཆུང་ལ་སྤྲིངས།
 

ན་ཆུང་སེམས་ནི་རྣམ་པར་དགེ་བས་རྡོ་རྗེའི་ཕོ་ཉ་མདའ་མོས་བསྣུན།།
དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡང་མྱོས་པའི་དམར་ཟླུམ་ཀེ་ཏ་ཀ།
རིན་ཆེན་བྱེ་མ་སྟོང་གི་རྒྱ་མཚོ་སྲིད་གསུམ་མཁར་དུ་འོད་ཀྱིས་བཀྲོལ།།
ཉ་མོ་གསེར་གཤོག་རྒྱུ་བའི་རྒྱ་གླིང་འབུད་པའི་ཉམས་ལ་ཅི་ཡང་བདེ།།
 

རྟེན་འབྲེལ་རང་རྩལ་རོལ་བའི་ན་ཆུང་ཤེས་རབ་སྤྲིན་གྱི་གཞལ་ཡས་སུ།།
གཡུ་འབྲུག་རྒྱལ་མཚན་ཐོབ་པའི་མུཀྟིཀ་ཡི་བླ་རེ་གཏོར་ལ་བྲེལ།།
ལྷོ་སྤྲིན་དམར་སེར་གྲོགས་ལ་བོས་ནས་ནོར་བུའི་དོ་ཤལ་ཆུན་འཕྱངས་པ།།
རྒྱང་རིང་རྣ་བས་ཐོས་པ་ཙམ་དུ་བཻཌཱུརྱ་ཡི་རི་དྭགས་བསྡུས།།
 

ལྗོན་ཤིང་ལྷ་མོའི་དམོད་པའི་དུག་མདའ་ན་ཆུང་མགྲིན་པའི་ཞལ་ལ་དྲངས།།
ནོར་འཛིན་བུ་མོའི་ལན་གསུམ་མགུར་ཏེ་རྡོ་ཡི་ཨ་ལོང་སྒོར་མོ་ཞིག།
སེམས་རྟེན་དྲ་བའི་དཔལ་གྱི་མགུལ་ལ་རིང་དུ་འཕེན་པ་ཚང་ཚིང་ཡུལ།།
དྲི་ཟའི་རྒྱུད་མང་སྟོང་གི་ཟླ་བོར་རྡུལ་དུ་ཞིག་པའི་ཙི་ཏ་འཇམ།།
 

ཡིད་འོང་ན་ཆུང་སྨིན་མའི་གཞུ་ལ་ལག་པད་མཆོངས་པའི་མེ་ན་ཀཱ།
གཡོ་ལྡན་ལང་ཚོའི་གཟི་མདངས་ཕོག་པ་སྒྱུ་མའི་ཆུ་བྱ་གར་དུ་བརྙས།།
མྱུར་བར་བརྡུངས་པའི་དགྱེས་འཛུམ་འོད་ཟེར་རི་རབ་ལྷུན་པོའི་ཁུར་ཆེན་ཡང་།།
ཀུནྡའི་དགའ་ཚལ་ཐོང་བཤོལ་བྱུང་ནས་སྲིན་པོའི་བུ་མོ་ལྟད་མོར་གཡེང་།།
 

རི་རྒྱལ་བསྐོར་བའི་ཨ་ཐང་སྐྱ་མོ་འཚུབ་པའི་སེམས་པ་འདར་བ་ལ།།
ཁྭ་ཏའི་ཟུར་མིག་འཕངས་པའི་ལྗན་ལྗིན་ཀུན་ཏུ་འགྲོ་ལ་བྱིན་ཆགས་ཤིང་།།
ཡངས་པའི་ཨ་སྔོན་སྒ་སྲབ་བསྟོད་དེ་ལྷ་སྲས་རྩལ་དྲུག་ངོམ་པ་འདི།།
ཆར་སིལ་འཐོར་བའི་སེང་ཆེན་དགྱེས་པ་བཞད་སྒྲའི་ང་རོས་ཐང་ཆེན་འགུག།
 

ན་ཆུང་མཆུ་སྒྲོས་སྲེད་ལྡན་མེ་ཏོག་བཅུད་དུ་ལེན་པའི་དྭངས་རྩེ་ཡིས།།
ཕོ་ཉའི་གདུགས་དཀར་བསྒྲེངས་བའི་ནོར་བུ་རྒྱ་མཚོའི་ཁབ་ཏུ་འདྲེན་པ་གང་།།
མིག་ལྟོས་རུང་བའི་སྙིང་གི་རྩ་མདུད་ལྷོད་ལ་གྲོལ་བའི་དཔྱངས་ཟམ་ན།།
འགྱུ་བའི་རོལ་མོ་འཁྲོལ་བའི་སྒྲ་ཡིས་བརྒྱན་ན་བྱུ་རུའི་འཕྲེད་གླིང་འབུད།།

 
ན་ཆུང་གར་གྱི་འོ་འཛིན་དྲི་མེད་འཆིང་ལྡན་དགའ་བོའི་རི་ཀླུང་ཤོར།།
ཉ་གང་ཟླ་བའི་འཛར་ཆུ་ལྷུང་བའི་ཁྲ་ཆུང་ནམ་མཁར་གཏད་ན་ཡང་།།
རྟ་ཕོའི་སྒྱིད་པ་མ་འདར་མ་སིག་ག་རུ་ཊ་ཡི་ཁྱུ་ཞིག་གིས།།
སྤྲིན་དཀར་གཡུ་མཚོའི་མངའ་རྒྱ་བཅད་ཅིང་སྒྱུ་མའི་གྲོང་ལ་ཤེད་མོང་ཕུད།།

 
པ་ཊའི་རྣ་ཆ་དཔྱངས་པའི་ན་ཆུང་ཏྲི་ཤུ་ལ་ཡི་རྣོ་མཚོན་ཐོགས།།
ཉི་མས་པད་འདབ་བཞད་པ་དེ་ལ་བཅིངས་པའི་རྣོ་དབལ་ཚ་ངད་ཀྱིས།། 
ཆུ་འཛིན་ཀློང་གི་ན་ཀྲའི་གྲོང་ལས་བརྒལ་བ་ནོར་བཟང་ན་ཆུང་མའི།།
འགྲམ་ཆུ་གཏོར་བས་བ་ཀུ་ལ་ཡི་ཡངས་པའི་སྒོ་གླེགས་ཕྱེས་སོང་ངོ་།། 
 

མཁའ་འགྲོ་བདེ་ཆེན་བཀོད་པའི་ཞིང་ལ་རྩེན་པ་ན་ཆུང་མདའ་སོར་དྲངས།།
སྨན་ཤར་བུ་མོའི་ཨུ་དུམ་ཝ་རར་མཚན་དཔེའི་ཟེའུ་འབྲུ་འབྱེད་ཆེད་དུ།། 
སྲིན་མོ་གདུག་པའི་ངང་ཚུལ་བཟུང་སྟེ་སྙིང་གི་ཀུ་ཤ་འབེན་ལ་འཇོག།
བརྩེ་བའི་དྲ་བ་འབིགས་པ་བྱེད་ན་མི་བསྲུན་འབྱུང་པོའི་ང་རོ་བཅོམ།།
 

གངས་ནས་འགྱིངས་པའི་ན་ཆུང་སེམས་ལ་དུངས་པས་མདུད་པ་བོར་བ་ནི།།
ལྷ་མོའི་མྱོས་བུམ་རྩེ་ནས་འཛར་བའི་འོ་ཐིགས་ལྕེ་གཞུང་འབབ་ཕྱིར་དང་།།
འདོད་པའི་གར་ལ་གཤོག་འགྱུར་ལེན་པ་འཁྲི་བའི་འཇའ་རིས་མཐོང་པ་སོགས།།
ཟླ་བའི་མེ་ཏོག་བསྙེགས་པའི་ན་ཆུང་འཆར་རྟོག་ལྷུན་པོས་ཡོངས་སུ་བརྒྱན།། 

               ༢༠༢༠ ལ་དབུ་བསླངས་ནས།

               ༢༠༢༠ ༡༢ ཉིན་ལེགས་པར་གྲུབ། 
                           རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease