ཀློང་ཆེན་རི་རྩེའི་གླང་འཐབ།

    རྩོམ་པ་པོ། ཚྭ།


ཀློང་ཆེན་རི་རྩེའི་གླང་འཐབ།

                 —•ཚྭ། མགོ་ལོག


ལྐུག་པ་ཁྱོད་ཀྱིས་སྒྲ་སྙན་དཀྲོལ
སྐད་ཆ་ཞ་བོ་དག་གིས་ནང་གི་ལྷ་མོ་ཉི་འོད་ཀློང་དུ་ཁྲིད
ཀློང་ཆེན་སྒྱུ་མའི་ཟླ་བ
སྙིམ་པའི་ནང་ལ་ཐེངས་གཅིག་ཞོག

སྐྱེ་བ་དུ་མར་བསྐོར་བའི་མེ་འཁོར་དེ
འཁོར་བའི་མུན་ནག་ནང་གི་གློག་དམར་བཞིན
ཚིག་གི་ཐག་པ་རིང་པོའི་སྟེང་དུ་འཁྱུག

ལྐུག་པ་ཁྱོད་ཀྱིས་སྒྲ་སྙན་དཀྲོལ
ལག་པ་རལ་གྲིས་བརྒྱན་པའི་ཕོ་གཞོན་དེས
རྨ་ཁའི་གཏིང་གི་ཉི་འོད་སེར་པོ་ནད་དུ་བསྒྱུར

ལྐུགས་པ་ཁྱོད་ཀྱི་སྒྲ་སྙན་
སྣ་ཚོགས་གཟུགས་ཀྱིས་འཆར་ཡང
བདག་ཡིད་འོན་པའི་མིག་གིས
བལྟས་ཀྱང་མཐོང་ས་མ་རེད

ཚེ་ཡི་ཉི་མ་རྒྱ་མཚོའི་སྟེང་གི་གཡོར་གྲུ་བཞིན
དལ་བ་དལ་བུར་སྒེའུ་ཁུང་ནང་ནས་ཡལ་འགྱུར་བས
ལྐུག་པ་ཁྱོད་ཀྱིས་སྒྲ་སྙན་དཀྲོལ
སྙིང་གི་རྨི་ལམ་གཟེར་གྱིས་གད་པ་བཞིན་དུ་དཀྲོལ

 


དུས་མཐའ།

སྙིང་གི་ལོ་མ་སེར་པོར་གྱུར་ཚེ
གྲིབ་མ་ནག་པོ་ལྕགས་རྡང་སྟེང་གི་བ་མོ་བཞིན
དུས་ཚོད་སྟེང་ནས་གཏན་དུ་ཞུ་འགྱུར་ཡང
འཛམ་གླིང་ཉི་མ་ཤན་པའི་རལ་གྲིའི་རྩེར
ཞི་ལ་དཀར་པོ་ཞིག་ལྟར་གཉིད་ལྕོག་རྒྱག

ཤེས་རབ་ལྷ་མོས་མེ་འཁོར་བསྐོར་ཞོར
ལག་པའི་ནང་གི་རི་དྭགས་རྣམས་ལ་དུག་གི་འོ་མ་འདྲེན

ངག་གི་འདབ་མའི་སྟེང་ལ་རྨོངས་བའི་ཟིལ་བ་ཁྲོམ་མེར་བཀྲ
ཞ་ར་གྲངས་མེད་སེམས་ཀྱི   ཚ་བའི་མེ་ཡིས
ལག་གི་ནོར་བུ་ཐལ་བར་བསྒྱུར

ཁྱི་རྣམས་སྨྱོས་པ་བཞིན་དུ་རང་གི་གྲིབ་མ་གསེར་དུ་བཀུར
གསེར་རྣམས་ཁྱི་ཡི་གྲིབ་མའི་འོག་དུ་རྡོ་བཞིན་གནས

དུས་མཐའི་སྨུག་པའི་གྲོང་ཁྱེར་འདིར
སྐྱེ་བོ་དག་གི་མིག་ནི་རྐང་བའི་ངོས་སུ་བཞད

རང་གི་གྲིབ་མ་དང་མེ་ཏོག་སྣ་ཚོགས་བར་གྱི་སྒྲུང་།

ཆུ་ཚོད་དྲུག་པར་སླེབས་འདུག
ཆུ་ཚོད་དྲུག་པ་ནི་སྟོན་ནམ་ཞིག་གོ

ཆུ་ཚོད་དང་པོའི་སྟེང་ངས་རང་གི་གྲིབ་མ་དང་མཉམ་དུ་སྙན་ངག་པ་ཞིག་གླེང
སྙན་ངག་པ་དེས་འཆི་བ་དང་མཉམ་དུ་ཆུ་ཚོད་གཉིས་པ་དང་གསུམ་པ་གླེང་བཞིན་འདུག

ཆུ་ཚོད་ལྔ་བས་མེ་ཏོག་སྣ་ཚོགས་ལ་གཞས་གཏོང་བ་དང་ཆུ་འདྲེན་བཞིན་འདུག
དག་དག་སྐབས་དེ་འདྲ་ཞིག་ལ་ངས་རང་ཉིད་ཆུ་ཚོད་བཞི་བ་དང་མཉམ་དུ་ཡོད་པ་ཚོར

ད་ནི་ཆུ་ཚོད་དྲུག་པར་སླེབས་འདུག
ཆུ་ཚོད་དྲུག་པ་ནི་འཇིག་རྟེན་སྟེང་ཆེས་རིང་བའི་ཁེར་རྐྱང་གི་དུས་ཚོད་གཅིག་པོ་རེད་སྙམ


ཨ་ཅེ།  ང་ལ་མི་རྟག་པའི་སྒྲུང་མི་བཤད་རོགས།


ཨ་ཅེ།   ང་ལ་མི་རྟག་པའི་སྒྲུང་མི་བཤད་རོགས
འཚོ་བས་ང་ལ་རྟག་པར་ཁྲོ་ཞིང་གཤེ་བར་བྱེེད

འཚོ་བ་ནི་ཞ་འཁོར་ཞིག་གོ
ང་།   ཞ་འཁོར་སྟེང་དུ་གཉིད་པ་དང་རྨི་ལམ་རྨི་བར་ཤིན་ཏུ་སྡང

ནམ་ཞིག    ཁྱོད་ཀྱིས་ངའི་ལག་ནང་ལ
འཛིན་པ་མེད་པའི་སྲན་མ་དང་མེ་ཏོག་འདེབས་ཡང་སྲིད

ཨ་ཅེ།  ངའི་ལས་དབང་གི་ཀོ་བ་མཉེ་བའི་སྒྱུ་འཕྲུལ་མ
ང་ལ་མི་རྟག་པའི་སྒྲུང་མི་བཤད་རོགས
འཚོ་བས་ང་ལ་བརྗེད་ཟིན་པ་དག་སླར་ཡང་དྲན་པར་སྐུལ་ཡོང

                      རྩོམ་སྒྲིག་པ། མྱི་གསར་བ།