ཡུལ་དུས་བྱོལ་བ།

    རྩོམ་པ་པོ། རྟ་མགྲིན་རྡོ་རྗེ།


ཡུལ་དུས་ལ་བྱོལ་བ། 
ཞར་བཀོད་གཉིས།
 
               
ཐང་གཞུང་རྟ་མགྲིན་རྡོ་རྗེ།  ཀན་ལྷོ།

ཉིན་ཕྱེད་ཀྱི་རིང་ལ
ཉག་ཁ་དེར་བལྟས་ནས་ཡོང
ཏ་ནི་ཆུ་བོའི་འགྲམ་གྱི་ལུག་ཁྱུ་མཐོང་ཡང
སེར་ཐག་ཆོད་པའི་སྤང་ཐང་གི་གཞི་རུ
འབྲོག་པའི་སྦྲ་ཁྱིམ་མི་མཐོང
 
ཉིན་ཕྱེད་ཀྱི་རིང་ལ
ཁེར་བོ་བསྡད་ནས
འབྲོག་སྡེ་དང་སྟོན་བསིལ་ལ་འཁྲེང
 
དབེན་གྱུར་གྱི་གནས་སུ
རང་ཉིད་རླུང་བུར་ལྡང་ནས
ག་ས་གང་དུ་རྒྱུ་བ་འདི་སྐྱིད་པ་ལ
མུ་མེད་ཀྱི་མཐའ་རུ་ལྷུང་འདྲའི་གནམ་ངོ
ཉི་ཟེར་གྱི་མཚམས་སུ་འཛུམ
ཡང་ཡང་བསམ་ན
འདི་ནི་སྒྱུ་འཕྲུལ་གྱི་འཇིག་རྟེན་ཞིག་གམ
སྣང་བ་འཛོལ་བའི་རྨི་བཤད་ཙམ་དུ་ཟད
 
རྟ་ཁྱུའི་བང་ངོགས་ན
རླངས་འཁོར་དང་འཕྲུལ་རྟའི་རིགས་ཀྱང
རབ་རིབ་ངང་གིས་འདར་ཙམ་བྱེད་པར
སྐབས་དེར    གཡུ་སྦྲང་ཞིག  
ཇ་ཕོར་གྱི་ཁ་རུ་གཡེང་ཞིང
གཟེགས་མ་འཐོར་བའི་རླབས་རྩེ་རུ་འཕྱོ
 
འདི་ནས་རྒྱང་ལྟར་རོལ་ནས
ཁ་ཁུ་སིམ་པོའི་བྱིན་རླབས་སྒོམ་ནས
སྟོན་ཆར་གྱི་བདེ་བ་ཉམས་སུ་མྱོང
 
ཉིན་ཕྱེད་ཀྱི་རིང་ལ
སྤྲིན་དཀར་དུམ་བུར་འཁྱིལ་བའི་དབུས་ནས
ཉི་ཐིག་ཕྲན་བུ་རེ་མངོན་ནས
ཡུལ་དུས་ཀྱི་ཨ་ཐང་ཆད་པ་དག
དབེན་པའི་སྒང་ཁ་འདི་ནས་བྱོལ་སོང 
            2019/9/22ཉིན་ཏ་ནི་ཆུ་བོའི་འགྲམ་ནས།
 

ཆུ་ཁྱོད་རྒྱལ་མོའི་རྔུལ་ཆུ་ཡིན་ན།
 
ཆུ་དེ་རླུང་དམར་གཡུག་གཡུག་གིས
ངལ་བའི་ལུང་གཞོངས་འགོམ་ནས
ངམ་རོང་གི་གནས་སུ་ལྷམ་མེར་ལྟེམ་ཞིང
ཐག་རིང་ནས་ཉི་ཟེར་རྒུམ་པའི་རླབས་ཞགས་ནི
རྒྱ་མཚོར་བརྒལ་བའི་ཀོ་གྲུ་བཞིན
སྨུག་རྒྱུའི་གསེང་ན་ལུས་ཡོད
 
ཆུ་བོའི་འབབ་ཕྱོགས
ཡར་ཡར་བཞུར་ནས་སྟོད་ལུང་ཆས་དུས
ཁྱེད་ནི་རྟ་ཁ་རྒོད་པའི་དཔའ་རྒོད་བཞིན
མི་སེམས་ཀྱི་དྲན་པ་ཅིག་ཅར་བསླངས་ཤིང
ཁྱེད་ནི་གནའ་སྒྲུང་གིས་མཚོན་པའི
བསྐལ་བའི་དབྱངས་རྟ་དེ་ལགས
 
ཆུ་འདི་རི་བོ་སྙིལ་སྙིལ་གྱིས
རང་བྱུང་གི་དབུགས་རྒྱུ་ཐེངས་ཤིག་སྟེ
ཆར་རླུང་སྣ་ཚོགས་ཀྱིས་གྲུབ་པའི་མཛེས་རིས
དུས་ཚོད་ཀྱི་དོད་དུ་འབབ་པ་བདེན
 
རྒྱལ་མོ་ཚ་བ་རོང་ནས
ནམ་མཁའ་དང་གཡང་གཟར་ལ་བལྟས་ནས
གནའ་གྲོང་དང་ཆུ་བོར་འགྲོགས་ནས
དལ་བ་དལ་བུར་བརྒྱུད་དུས
མི་ཡུལ་གྱི་ལྟད་མོ་ཅི་རིགས་མཐོང
 
ཆུ་ཁྱོད་ཡར་མར་བཞུར་ནས
ཞེ་བསམ་པས་བཞུར་ནས
རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་མྱུལ་ནས
རྔུལ་ཆུའི་གཙང་བོ་གྲུབ་པ་དེ་བདེན
 
ཆུ་ཁྱོད་རྒྱལ་མོའི་རྔུལ་ཆུ་ཡིན་ན
ལྷ་ཀླུའི་མིག་ཆུ་དེ་འཐུང་བའི
གསེར་མིག་ཉ་མོའི་དྲན་ཤིང་ཡིན་ལེ་ཆེ
               2018/8/15 ཉིན།

སྟོན་མཇུག
 
གང་ནས་གང་དུ་ཕྱིན་ན
མེ་ལོང་ལས་ཕྱིར་མངོན་པའི་དུས་ཚོད་ཀྱིས
བདག་གི་སེམས་ངོར་ཁྲུས་གསོལ་ཞུས་ཤིང
ཉི་མའི་ཟེར་ཐིགས་བྱུགས་འདྲའི་སྟོན་གྱི་ལྗོན་པ
འདབ་ལོ་འཐོར་ནས་ཡོམ་ཡོམ་འགུལ
 
གནའ་སྒྲུང་ཇི་བཞིན་གྱི
བདག་སྙིང་གི་མཛེས་སྡུག་སྦྲུམ་པའི་སྟོན་ཁ
དུས་ཚིགས་ཀྱིས་བསུས་ཤིང
སླར་ཤིང་རྨི་ལམ་བརྒལ་བའི་ཞིང་དུ་སྙེག
དེ་ལྟ་བུའི་དྲི་ངད་ཀྱི་འཁྱུག་འགྲོས་ཉུལ་བའི་ཀློང་ན
སྟོན་ལོ་སེར་པོ་ཡིད་ཀྱི་སྟངས་སྟབས་བཞིན་སྒེག
 
རྣ་ཤེས་ཀྱིས་ཟིན་པའི་མི་རྟག་པའི་སྒྲ་དབྱངས་དེ
ལྕེ་ཤེས་ཀྱིས་མྱོང་བའི་རོ་ཁ་བའི་ལན་ཆག་དེ
སྟོན་ཁ་དང་དབྱེར་མ་མཆིས་པར
ལས་ཀྱི་འགྲོ་འདུག་ལ་བཅར་ནས་ཡོང
 
ཉིན་མོ་འདིར
ནམ་མཁའ་དང་ཁྲུང་ཁྲུང་ལ་ཅེར་ནས
ནེའུ་གསིང་དང་མེ་ཏོག་ལ་ཞེན་ནས
སྟོན་བསིལ་གྱི་སད་དང་སེར་བར་དོགས
              2019/9/19ཉིན་ཡུལ་ནས།
རྟ་མགྲིན་རྡོ་རྗེ།  ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་།

                                རྩོམ་སྒྲིག་པ། མྱི་གསར་བ།