ལམ་གྱི་རྨི་ལམ།

    རྩོམ་པ་པོ། གྲ་ཚེ་དོན།


ལམ་གྱི་རྨི་ལམ།

                    གྲ་ཚེ་དོན།

སེམས་ཀྱི་རྟོད་ཐག་བཀྲོལ་ཏེ།
ཧ་ཅང་བག་ཡངས་ངང་སྣང་བ་གླུ་རུ་བླངས་ན་བསམ།
ཉི་འོད་ཀྱི་རླབས་ཕྲེང་འཕྱོ་སའི་མཚོ་ཁ་དེ་ནས།
འཚོ་བས་མ་བཅིངས་པའི་མེ་ཏོག་འགའ་བཏུས་ན་སྙམ།
གངས་རིའི་ཉེ་འདབས་ཤིག་ནས།  ཁ་བ་དང་རྩམ་པར་ཁེན་ཏེ།
ཨ་སྔོན་དང་སྤྲིན་དཀར་ལྟ་བུའི།
ཁ་མདོག་ཅིག་གི་ཁོག་ཏུ་ཞུགས་ན་འདོད།
 
སྐྱིད་སྡུག་སྐར་མདའ་ཡིན་གྱིས་འགྱུར་མེད་དམ་བཅའ་མིན།
དགའ་སྐྱོ་ཤྭ་འོད་ཡིན་གྱིས་ལྷིང་འཇགས་ཁྱིམ་གཞིས་མིན།
སྐབས་རེ་ཁྱེད་ཀྱི་མདུན་ནས་གཙང་པོ་ཆེན་པོ་ཞིག་བྲུག་སྲིད།
དེ་དུས་ཕྱི་ནང་གི་གྱང་གོག་བརྒལ་ཏེ།
རྐང་རྗེས་ཀྱི་པུ་ཏི་གྲངས་ལོངས་པ་བརྩིག་དགོས།
 
མཚན་མོ་སླེབས་དུས། མུན་པས་ཚུར་ཚུར་བཅར།
སྨུག་པས་ཟིན་པའི་རི་བོའི་ཕར་རྒྱབ་ནས།
འདོད་ཐོག་རྟ་རྒྱུག་པའི་ཉི་མ་དེ་འཆར་དཀའ་ནའང་།
དུས་ཚོད་ཀྱི་མཚོ་ཁུག་ནས་ཁུ་ཚུར་མ་བཤིག་པར།
ཀ་གདུང་ཐེགས་ཤོག  ལྕམ་གྲལ་སྲུངས་ཤོག
 
ནམ་ཉི་མ་ཞིག་ལ། ལམ་གྱི་སྣེ་མོ་ནས།
རེ་བའི་མེ་ཏོག་ལ་མཛེས་སྡུག་གི་བཞད་ཁ་བྱེ་ན།
ད་དུང་བཅའ་ཆགས་པའི་རལ་གྲི་བཟུང་ནས་ཅི་བྱ།
མགོ་ལུས་ལ་འགོས་པའི་ཐལ་རྡུལ་དཀྲུགས་ནས།
རྨི་ལམ་གསར་པ་ཞིག་ལ་བློས་བསླང་བྱེད་དགོས།
                 ༢༠༡༩/༠༡/༠༦ བྲིས།


མཛུབ་བར་ནས་འཛར་བའི་བྱེ་ཟེགས།                       
ཀ  ཐོག་མའི་མཇལ་འཕྲད།

ལག་འཇུ་ཐོག་མ་དེ་བྱེད་དུས།
ཁྱེད་དང་ཉི་ཟླ་མཉམ་གཤིབ་ཀྱིས་འཆར།
འོད་འཁྱིལ་ལེར།  སྐྱ་སིང་ངེར།
སྐོམ་པའི་དོད་ཀྱི་བདུད་རྩི་དང་།
མུན་པའི་གཉེན་པོ་སྣང་བ་བཞིན།
 
དུས་ཀྱི་ཐག་པ་རྒྱང་རིང་དུ་སྲིང་མེད་པས།
དྲི་བསུང་གི་ཐིགས་པ་འགའ་ལག་མཐིལ་དུ་ལུས།
མེ་ལོང་ལྟ་བུའི་ཐིགས་པ་དེས།
དར་རྒྱས་ཀྱི་རྩེ་མོར་སྙེག་ཚུལ་དང་ཉམས་རྒུད་ཀྱི་གཡང་དུ་ལྷུང་ཚུལ།
གོ་རིམ་མ་འཁྲུགས་པར་གློག་བརྙན་དུ་ཕབ།
                         

  བར་གྱི་སྐྱིད་གླུ།
 
ཁྱེད་རང་བདེ་སྐྱིད་ཀྱི་འབོལ་གདན་ཐོག་སྐྱིད་སོང་།
བདག་ནི་ཁྱེད་ཀྱི་གླུ་སྐད་ཀྱི་དབྱངས་རྟས་སྨྱོས་སོང་།
དུས་ཚོད་ཀྱི་གཙང་ཆེན་གྲོལ་རྗེས།  རིགས་རྒྱུད་ཅིག
གནོངས་འགྱོད་ཀྱི་རིལ་བུ་ལྡད་མི་ཐུབ་པར་འདུག
 
"དགའ་བའི་གླུ་དབྱངས་ལོངས་ཤོག  
སྐྱིད་པའི་བྲོ་གར་འཁྲོབས་ཤོག"
བསླུ་བྲིད་ཀྱི་སྡོང་རྩེར་བཞད་པའི་མེ་ཏོག
འཚོ་བའི་དོང་རྙི་ནས་འཐུལ་བའི་དྲི་བསུང་།
ཚེ་སྲོག་གི་ཞགས་ཐག་ལྟ་བུའི་སྙན་དབྱངས།
 

ག  བདག་གིས་འཛིན་མི་ཐུབ་པའི་ཁྱེད།
 
འཛིན་མི་ཐུབ་པར་འདུག   ངོ་མ་འཛིན་མི་ཐུབ་པར་འདུག
མཁའ་མཐའི་འཇའ་ཚོན་འཛིན་མི་ཐུབ་པར་འདུག
བྱེ་མའི་ཀློང་གི་སྨིག་རྒྱུ་འཛིན་མི་ཐུབ་པར་འདུག
གཙང་པོའི་ཕར་ངོགས་ན་བཞུགས་པའི།
ཁྱེད་ཀྱང་འཛིན་མི་ཐུབ་པར་འདུག
 
བར་ཐག་ཅིག་གིས་ཆོད་སོང་།
གང་གིས་ཀྱང་སྟུང་དཀའ་བའི་ལམ་ཐག་ཅིག་སྟེ།
ཁྱེད་ཕ་རོལ་གྱི་སྐམ་ས་ནས་སིལ་ཏོག་མཆོད་དུས།
ང་རང་ཚུར་རོལ་གྱི་ཆུ་ངོགས་ན་ཧད་དེ་ལུས།
བར་གྱི་བྲི་བ་མེད་པའི་བསམ་བློའི་གཙང་ཆེན་གྱིས།
རྒྱབ་གཟུགས་མོག་པོ་ཞིག་ཁེར་རྐྱང་བའི་སྐལ་དུ་བྱིན།
 

ང་།  གཡང་གཟར་གྱི་གྲོག་རོང་།
 
ཁྱེད་ལ་ཐུགས་ཁག་མེད། རང་ཉིད་གཤོང་བའི་འབོལ་གདན་ཡོད།
བདག་ལའང་ལེ་ཁག་མ་དཀྲི་རོགས།
ཁོར་ཡུག་ཧྲིལ་པོར་གླུ་དབྱངས་འཇགས་པ་མི་འདུག
 
སྐྱག་ལང་གི་ཐག་སྣེ་ཤོར་བས་ཤ་རུས་ཕྱེ་མར་ཐོར།
གླུ་སྐད་ཀྱིས་གསོས་པའི་རྣམ་ཤེས་འཚོ་བཅུད་བྲལ།
མུན་པ་ག་ལེར་རུབ་འོང་དུས།
མེ་ལོང་ངོས་ཀྱི་ཁྱེད་རང་རབ་རིབ་དུ་བཏང་།
ཀྱེ་མ།  འཁྱགས་པ་ལྟ་བུའི་བདག་གི་སེམས་པ་དང་།
སེམས་པ་ལྟ་བུའི་རྒྱབ་གཟུགས་མག་མོག་དེ་ཨང་།

ཅ།   མིག་ཆུའི་ཐིགས་ཕྲེང་།
 
ལམ་རྙིང་དེ་སུས་ཀྱང་བདག་ཏུ་མེད་པའི་སྙིགས་རོ་ཞིག་ལྟར།
རི་འདབས་དེ་རང་ནས་རྒས་ཤིང་འཁོགས་པར་གྱུར།
རླུང་དམར་གྱི་མེ་ལྕེ་ལྷབ་ལྷུབ་ཏུ་འབར་དུས།
ཡུན་རིང་ཞི་བར་གནས་པའི་བྱེ་རྡུལ་དག་ཀྱང་།
འཚུབ་རྒོད་ཀྱི་གཤོག་པ་བརྐྱངས་ཏེ་ཕྱོགས་ཕྱོགས་སུ་འཁྲིགས།
 
དར་སྲབ་ཀྱིས་བཀབ་པའི་མཛེས་མའི་བརླ་རྐང་བཞིན།
བདག་ཡིད་ཀྱི་མེ་ལོང་ལ་ཧ་བཏབ་སྟེ་སྨུག་སྤྲིན་ཁྲོད་དུ་འཁྲིད།
རབ་རིབ་དུ་གྱུར།  བདག་གི་ཉི་ཟླ།
འོ།  ཉི་ཟླ་ལྟ་བུའི་ཁྱེད་ཀྱི་ཞལ་རས།
མག་མོག་ཏུ་གྱུར།  བདག་གི་བླ་རི།
འོ།  བླ་རི་ལྟ་བུའི་ཁྱེད་ཀྱི་གཟུགས་བརྙན།
 

ཆ།   རྣམ་རྟོག
 
ང་རང་ཚོར་བ་སྐྱེན་པའི་རིགས་དེ་མིན་ཡང་།
རྣམ་རྟོག་གི་ཞགས་པས་བཅིངས་ནས་བདེ་རུ་མི་འཇུག་པར་འདུག
དེ་ནི་ཟླ་རྗེས་མའི་གླ་ཕོགས་མ་སྤྲད་གོང་ཁུག་སྟོང་ཆགས་པ་དང་མི་འདྲ་བར།
ངའི་རུས་རྐང་དང་ཁྲག་དམར་འཇིབས་པ་ལྟར་གྱི་ན་ཟུག་དང་།
ངའི་རྣམ་ཤེས་དང་བེམ་གཟུགས་ཕྲལ་བ་ལྟར་གྱི་སྐྲག་སྣང་འདུག
 
དུས་ཚོད་འདིའི་ཕྱི་ནང་གི་ཁྱད་པར་ཙམ་མ་གཏོགས།
རླུང་བུ་ལྡང་ཙ་ན་བདག་གི་རྒྱབ་གཟུགས་ཀྱང་།
བྱེ་རྡུལ་གྱིས་བསྒྲིབས་ནས་རབ་རིབ་ཏུ་གཏོང་ངེས།
 
ཡོད་ཚད་གྱུར་སོང་།  དུས་ཚོད་གཅིག་པུ་མ་རེད།
མི་རྣམས་རང་ཉིད་ལ་སྙིང་རྗེ་སྐྱེས་ནའང་།
མིག་ཟུང་སྐམ་ནས་ཡུན་རིང་འགོར་ཟིན།      

                       རྩོམ་སྒྲིག་པ། མྱི་གསར་བ།
                 མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།