ཇ་ལོའི་སྙན་ངག་ཚན་པ་ལྔ།

    རྩོམ་པ་པོ། ཇ་ལོ།


ཇ་ལོའི་སྙན་ངག་ཚན་པ་ལྔ།

 

boy 
ཡང་ཡང་བསྒུལ་བའི
གཟུགས་རིས་མེད་པའི་རི་མོ
ཡང་ཡང་འདར་བའི
ཆར་ཞོད་ནང་གི་བྱམས་པ
ཡང་ནས་ཡང་དུ
ནམ་མཁའི་མཐོངས་སུ་སྐྱོ་ཉམས་ཀྱིས་འབྱེད་པའི་ཉི་ཟླ
 
དྲན་གདུང་གིས་ཕར་ལ་དེད་ཅིང
རྒས་འཁོགས་ཀྱི་ལོ་ཟླས་ཚུར་ལ་བསྐྱལ་བའི
མཚན་མོའི་ངོགས་ཀྱི་སེམས་དང་སེམས་པ
ཡང་ནས་ཡང་དུ
རྙེད་པ་མེད་པའི་དུས་ཚོད་ཀྱི་རྣོ་སྐུད་བརྡར་བའི
སྤྲིན་དཀར་གྱི་འདབ་མ
       5/2019
 
boy 
 
སེམས་དང་མེ་ལོང་གི་བར་ནས
ག་རེ་གནང་གི་ཡོད
གཟུགས་དང་གྲིབ་མའི་བར་ནས
ག་རེ་གནང་གི་ཡོད
 
ས་སྲོད་ཀྱི་གམ་ནས
ག་རེ་གནང་གི་ཡོད
ཟླ་འོད་ཀྱི་འོག་ནས
ག་རེ་གནང་གི་ཡོད
 
ག་རེ་གནང་གི་ཡོད
ང་ཡི་སྙིང་སྡུག་ལགས
ག་རེ་གནང་གི་ཡོད
རྟ་ཕོ་ཁམ་པ་ལགས
         5/2019
 
གསར་བུ། 
 
ཨ་རོགས     གསར་བུ
ངས་ཁྱེད་རང་ངོ་མི་ཤེས
དེ་ནི་ཁྱོས་ཀྱང་ང་རང་ངོ་མི་ཤེས་པ་ཅི་བཞིན
 
ཁྱོད་ཀྱིས་མིག་མདངས་ལས་བཤད་པའི་སྐད་ཆ་དག་ཀྱང
ངས་རབ་རིབ་ཅིག་ལས་དོན་སྙིང་རྟོགས་ཐབས་མི་འདུག
དེའང་ངའི་འཛུམ་ཆུང་གིས་ཁྱོད་ལ་སྙིང་གཏམ་ལབ་ཀྱང
ཁྱེད་རང་དོགས་མི་བདེ་བ་ཅི་བཞིན
 
ཨ་རོགས    གསར་བུ
གཙང་བོ་འདིའི་ཕར་ཚུར
འུ་གཉིས་ཀྱི་བར་ཐག་ཡིན་ནམ
ཡང་ན་སེམས་པ་གཉིས་དྲན་གདུང་གིས་གཙེས་པའི་གོ་རིམ་ཡིན
 
ཨ་རོགས    གསར་བུ
ཁྱོད་ཀྱི་མིང་དུ་ཁ་བ་རྡོ་རྗེ་ཟེར་རམ
ངའི་མིང་ལ་སྨད་འཚོང་མ་ཟེར
       12/5/2019
 
ལྷ་ཆེན་པོ།
 
ང་ལ་ནད་ཡམས་ཁྱེར་ཤོག
མཆུ་སྒྲོས་དམར་པོར་བསྐུས་པའི
བསྐལ་བ་སྟོང་གི་མུན་ནག་ཁྱེར་ཤོག
 
ང་ལ་སྡུག་བསྔལ་ཁྱེར་ཤོག
བྱམས་བརྩེའི་ཕྱག་བར་ནས
དམར་གསོད་བཏང་བའི་རྣམ་ཤེས་ཁྱེར་ཤོག
 
ཁྱོད་ཀྱིས་མེ་ཏོག་སྟེར་བཞིན
ང་ཡི་མིག་འབྲས་བཏོན་པའི་རལ་གྲི་ཁྱེར་ཤོག
 
ཁྱོད་ཀྱིས་ཞབས་བྲོ་རྒྱག་བཞིན
ང་རང་དུར་དུ་སྦས་པའི་མཚན་མོ་ཁྱེར་ཤོག
 
ཁྱོད་ཀྱིས་ཁ་བཏགས་བཀྱགས་ནས
རང་ཉིད་ཀྱི་ནག་ཉེས་དག
ང་ལ་རྩིས་སྤྲོད་གནང་རོགས
            5/2019
 
T
 
དྲང་མོར་བཤད་ན
ང་རང་མི་ཞིག་ལ་སེམས་གཏིང་ནས་དགའ་ཐུབ་པ་འགྲིག་འདུག
དེ་བས་ཀྱང་མི་དེ་ཁྱོད་རང་ཡིན་པ་འགྲིག་འདུག
 
ཁྱོད་རང་མ་ཐོབ་པའང་འགྲིག་འདུག
ངས་ནི་ཁྱོད་ལ་བདེ་སྐྱིད་སྟེར་མི་ཐུབ
རང་ཉིད་ཀྱང་སྤྲོ་སྣང་པ་ཞིག་མ་རེད
 
སྐྱོ་གདུང་ཆང་ལ་བཅོལ་ཞིང་ཉིན་མཚན་མགོ་མཇུག་ལྡོག་པའང་འགྲིག་འདུག
ད་ནས་བཟུང་ངས་དེ་ལྟར་བྱ་བསམ་ཡང་བསྒྲུབ་མི་ནུས
 
ངས་ཁྱེད་རང་བརྗེད་ཐབས་བྱས་པ་འགྲིག་འདུག
དེ་བས་ཀྱང་བརྗེད་ཐབས་མེད་པ་འགྲིག་འདུག
འཇིག་རྟེན་འདི་ནས་ཁྱོད་ལྟ་བུའི་མི་ཞིག་དང་ཡང་བསྐྱར་འཕྲད་ཐབས་མེད་ལ
འཕྲད་ཀྱང་ང་ཡི་དྲན་གདུང་ཁུར་མི་སྲིད
 
ངས་ད་དུང་ཁྱོད་ཀྱི་མཛའ་མོར་སྙིང་སྡུག་ཅེས་བོས་པ་འགྲིག་འདུག་བསམ
ཁྱོས་ཀྱང་ཁོ་མོར་དེ་ལྟར་འབོད་ངེས
ངས་རང་སེམས་རྩེད་ཆས་ཤིག་ཏུ་བརྩིས་པ་འགྲིག་འདུག
དེ་བས་ཀྱང་བརྩེ་དུངས་ཨུ་ཚུགས་ཀྱིས་བཙིར་མྱོང་བ་འགྲིག་འདུག
རྒྱུ་མཚན་ངས་ཁྱེད་ལ་བཅངས་པའི་བརྩེ་བ་རྣམ་དག་ཡིན་སྣང་འཆར་ཡོང
 
ང་རང་བདེ་སྐྱིད་དང་བྲལ་རྗེས་དྭངས་གཙང་དང་བྲལ་བའང་འགྲིག་འདུག
ངས་འཁྲིག་སྤྱོད་བྱེད་དུས་མཛའ་གྲོགས་དག་གི་སྐྱེ་འཆི་དྲན་པ་འགྲིག་འདུག
 
གང་ལྟར་ང་ད་དུང་ཁྱོད་ལ་དགའ
ཡང་ན་སྔར་ལས་དགའ་བཞིན་པའང་འགྲིག་འདུག
སོ་སོར་འབྲལ་ཁར་ངས་ཁྱེད་ཀྱི་སྐྱེས་སྐར་ལ་ལེགས་སྐྱེས་མ་ཕུལ་པ་དེའང་འགྲིག་ཡོད
ཁྱོད་ཀྱིས་སྒུག་བཞིན་པའི་ལེགས་སྐྱེས་དེ་ནི་མིན
ངས་ཁྱེད་ལ་འཕྲིན་ཡིག་གཅིག་ལས་མ་བྲིས་པའང་འགྲིག་ཡོད
སྙན་ངག་ཡིན་ལོ་བ་མང་བོ་ཞིག་བྲིས་ཟིན
 
འུ་གཉིས་ཀས་ཕན་ཚུན་ལ་ཨ་ལན་ཡག་པོ་མ་བྱིན་པར
ལོ་གཉིས་ཙམ་འགོར་བཞིན་པ་འགྲིག་འདུག
ངས་ཁྱེད་ལ་ཆུ་མྱིག་དགུ་སྒྲིལ་གྱི་ལག་གདུབ་ཅིག་དང
ལོ་མ་རེ་འགའི་ལྡེབས་སུ་གཙང་བོ་བྲིས་ནས་ཕུལ་མྱོང་བ་འགྲིག་འདུག
 
ང་རང་ངུས་ནས་གྲོགས་པོ་དག་སུན་པོ་བཟོས་མྱོང་བ་འགྲིག་འདུག
ང་རང་སྨྲེང་ནས་ལུས་ལ་རྨ་ཁ་བཟོས་མྱོང་བ་འགྲིག་འདུག
ང་རང་ཁྱིམ་མི་དང་བར་ཐག་རིང་དུ་བཅད་མྱོང་བ་འགྲིག་འདུག
ང་རང་ཟས་ཀྱི་ཡི་ག་ཆད་མྱོང་བ་འགྲིག་འདུག
ང་རང་དྲན་གདུང་གིས་མནར་གཅོད་མ་ཐེག་པར་ཁ་ཕྱོགས་བོར་མྱོང་བ་འགྲིག་འདུག
 
དེ་རིང་གི་ཉིན་ཏག་ཏག་འདིར
ངས་ཁྱོད་ལ་སྙན་ངག་ཅིག་བྲིས་པའང་འགྲིག་འདུག
ང་རང་ཁྱོད་ཀྱི་སྐྲ་དང་ཁ་སྤུ      ལུས་དང་གྲིབ་མ
ཚིལ་དྲི་དང་རྔུལ་དྲི       བོད་ལྭ་ནག་པོ་དེ་དང་རྫི་དོར་སྐྱ་བོ་དེ
ཡོད་ཚད་ལ་དོ་སྣང་བླ་ལྷག་བྱས་མྱོང་བའང་འགྲིག་འདུག
            10/6/2019                              
                       
     རྩོམ་སྒྲིག་པ། མྱི་གསར་བ།