ང་ཕྱིར་ལོག་ན།

    རྩོམ་པ་པོ། རྐྱང་།


ང་ཕྱིར་ལོག་ན།

 

                         རྐྱང་། མགོ་ལོག


 

མཛེས་སྡུག་ལ་ཁེན་ཏེ་རང་ཉིད་སྐྱོ་བ་ལ་ཡང་ཡང་བཏང་རྗེས

གསང་བ་དེ་དག་འགོག་མེད་དུ་ཁྱོད་ཀྱི་མིག་ལམ་ནས་འབབ་འོང་ལ

ཆང་དང་སྙན་ངག་ལ་རེ་བའི་མི་ཞིག་གཅིག་པོར་ཁང་ཁྱིམ་ནས་གན་རྐྱལ་དུ་ཉལ

འཚོ་བ་ལ་ཁ་དོག་དཀར་པོ་ཞིག་བཟོས་ཏེ་མཚན་མོའི་རྨི་ལམ་བསྐྱལ་ཆོག་ཚེ

གནམ་ས་ནི་ང་ཕྱིར་ལོག་ན་ཆོག་པའི་ཁང་སྟོང་དེ་ཡིན

ཁྲག་གིས་བྲིས་པའི་སྙིང་གཏམ་དེ་འཇིག་རྟེན་ནས་མེ་རུ་སྒྲོན་ཏེ་ཁྱོད་གཅིག་པོ་རུ་ཕུལ་ཡོད

                                2019/2/8/ཉིན་ཕ་ཡུལ་ནས་སྤྱར།
 

རྨི་ལམ་སྐྱ་བོ།

                                           

ཁང་ཁྱིམ་འདིར་མེ་ཏོག་བཞད་མེད་ན་ཡང་སྔར་བཞིན་མཛེས།

སྐྲ་ལོའི་དྲི་ངད་དང་འགྲོགས་པའི་ལུག་ཁྱུ་སྐོར་ཞིག་མཚན་མོ་འདིར་ངུ་བཞིན་འདུག

རི་སྒང་གི་ངོས་སུ་མཚོན་མ་ཐུབ་པའི་སྡུག་བསྔལ་བསྐོས་ཏེ་སུ་ཞིག་ལ་དྲན་སྣང་འཆར།

འདི་དག་ནི་ངའི་འཇིག་རྟེན་གྱི་མཚོན་པར་བྱ་བའི་ཐ་སྙད་ཁ་ཤས་དེ་ཡིན།

བློས་བསླངས་གཞན་ཞིག་གི་སྒོ་ནས་ཕ་ཡུལ་ལ་ཉི་འོད་ཀྱི་སེམས་པ་ཀླན།

དགུན་ཁའི་གྲང་འདར་ཁྲོད་འཁྱག་པའི་ངོ་གདོང་ཚ་བོ།

ཞེ་དམར་བའི་དྲན་གདོང་གི་མིག་ཆུ་ཐིགས་གཅིག 

དེ་རིང་ངས་མཚོན་པར་བྱས།

                   2018/11/24/ཉིན་རང་ཤག་དུ་སྤྱར།
 

སྟོང་བ།                       

 

རྒྱང་རིང་གི་རྣམ་ཤེས་ག་ཚོད་ཅིག་འཁོར་བ་རུ་འཁོར།

ཡིད་དུ་འོང་བའི་བུད་མེད་འགའ་ཞིག་ལ་རྫུན་གཏམ་བཤད་ནས་སྨྱོས།

བཞད་མ་ཐག་པའི་མེ་ཏོག་རྐང་གཅིག་མི་རྟག་པར་འགྱུར་རྗེས་སུ།

མིག་གོང་ནས་ཁྲག་འཛག ལོ་ཟླ་ཁྲི་སྟོང་གི་བར་ནས་འཛུམ་དམུལ་དམུལ་གྱི།

སྐྱོ་སྡུག་དག་གླེང་བཞིན་ཡིད་སེམས་དུ་སྒྱུ་འཕྲུལ་གྱི་ལྷ་ཁང་ཞིག་བཞེངས།

མཆོད་འབུལ་གཅིག་ཀྱང་མེད་པའི་ལྷ་ཁང་དུ་དུད་ཆང་གི་དྲི་ངད་ཁྱབ།

འདི་ནི་ལྷ་ཁང་མ་རེད། འདི་ནི་ཆེས་ཡིད་དུ་འོང་བའི་སྙན་ངག་གི་མལ་ཁང་ཞིག

རྨི་ལམ་རིང་མོ་ཞིག་ལོ་དང་ཟླ་བའི་མཚམས་སུ་རྨིས་ཆོག་པའི་ཁེར་རྐྱང་གི་མལ་ཁྲི་སྟོང་བ་དེ།

                                   2018/12/7/ཉིན་སྤྱར།

 

ངའི་སེམས་འདི་སྨྲེང་དོན།

                                     

དཀར་ནག་གི་རི་བོ་དང་ནགས་ཚལ་གྱི་གསེབ་དུ་ང་སྨྲེང་བའི་དྲན་པ་ཞིག་ལྷག་ཡོད།

ཉིན་མོ་ཞིག་སུས་དལ་ངང་ས་ཕྱོགས་གཞན་ཞིག་ལ་སོང་ཚེ།

མཚན་གང་བོར་ཁེར་རྐྱང་དུ་སྨྲེང་བ་དེ་ང་ཡིན་སྲིད།

མེ་ཏོག་གི་འདབ་མ་དེ་ཅི་འདྲེས་མཛེས་ཡང་དགུན་དུས་ཤིག་ཐོན་ལ་

ཉེ་བའི་ཁྱོད་རང་ཅི་འདྲེས་སྐྱོ་སྲིད། གདུང་སེམས་ཀྱི་བཞུས་པའི་བྱ་ཁྱུ་རྨས་མ་དེ།

ས་སྲོད་གཞན་ཞིག་གི་སྒོ་ཁྱི་ཡིན། དེ་རིང་དང་ཁ་སང་གི་བར་དུ་མིག་གོང་དུ་འབབ་ཀྱིན་པ་ནི།

སྨྲེང་བའི་མིག་ཆུ་དྭངས་མོ་སེམས་པ་རུ་བབས་པ་དང་འདྲ།

འཛུམ་མདངས་ཀྱི་དབུས་ན་འཚོ་བ་དྲན་པ་ཁོ་ན་གསང་གཏམ་ལ་བཅོལ་ཏེ་སང་ཉིན་བསྒུག

                  2019/1/10/ཉིན་ཕ་ཡུལ་དུ་གྲུབ།
                                     རྩོམ་སྒྲིག་པ། མྱི་གསར་བ།