བརྗེད་བྱང་།

    ང་རོ་ཅན།


རིང་ནས་གྱེས་པའི་ཁྱོད
། 


                    ང་རོ་ཅན། ཧོར་ཤུལ།

 
ང་རང་སྡོད་མི་ཚུགས་པའི་ཁེར་རྐྱང་རེ་རེས
ཁྱོད་རང་ཡང་ཡང་དྲན་པར་བྱས
མིག་ཟུང་མཆི་མས་ཁེངས་བའི་ལྗོན་རྩ་འདི་ནས
རྒྱང་དུ་འཕུར་བའི་གྲོཊ་པོ་ཁྱོད་ཀྱི་ལོག་ཕེབས་བརྩིས
ཡིན་ནའང  ས་སྲོད་ཀྱིས་ཁྱེར་བའི་མིག་ཟུང་འདི་ཡིས
ཁྱོད་ཉིད་རྟག་པར་མཐོང་ཐབས་བྲལ
 
ཁེར་རྐྱང་དང་བསྡོངས་པའི་འུ་གཉིས་ཀྱི་བར་ཐག་འདི
མིག་ཟུང་གི་མཐའ་རུ་ཆུ་མོ་དང་ན་ཟུག་གིས་བསྐྱོར་ཡོད
རིང་ནས་གྱེས་པའི་གྲོགས་པོ
ཁྱོད་ཀྱི་ཆེས་ཐ་མའི་གནས་མལ་ནི་ཁེར་རྐྱང་མ་ཡིན་པས
ཐོ་རེངས་དང་ས་སྲོད་ཀྱིས་ཁྱེར་བའི་བས་མཐའ་འདི་ནས
ཁྱོད་ཉིད་ངའི་སེམས་པའི་ཟབ་ས་རུ་འཚེར་རོགས
             2019/4/5
 
དེ་རིང་གི་ཁྱོད། 
 
སིབ་སིབ་ཏུ་བབས་པའི་ཁ་བ་འདིས
ཁྱོད་ཀྱི་མིག་ཟུང་དང་སྨིན་མ་སྒུལ་བྱུང
གྲང་འཁྱག་གིས་བསྡམས་པའི་ཡུལ་གྲུ་དེ་ནས
ལྷག་རླུང་འཇམ་པོ་ཞིག་ཁྱོད་ཀྱི་བཙན་རྫོང་དུ་ཤོར་ཞིང
སྙེ་མ་ཕོན་གཅིག་ལ་སེར་ཐིག་ཆུང་ཆུང་ཞིག་ལྷུང་རྗེས
གཞི་ནས་དགུན་ཁར་རྫོགས་ཚིག་བཀོད་པ་ཤེས་བྱུང
 
སྙིང་ཉེ  མིག་ཟུང་གིས་མ་ཐེག་པའི་གཙང་བོ་མཐའ་དག
དུས་ནམ་ཞིག་ལ་ཁྱོད་ཀྱི་བརྩེ་བའི་རྩྭ་ཐང་དུ་བཞུར་ཆོག
སེམས་ཀྱིས་མི་སྲོན་པའི་ཁེར་རྐྱང་གི་ཁ་བ་འདི་དག
དུས་ནམ་ཞིག་ལ་ཁེར་རྐྱང་དུ་ཁྱོད་ཀྱི་ན་ཐང་ལ་འབབ་ཆོག
 
ང་རང་བརྩེ་བའི་ཐང་དཀར་བཞིན་དུ
ཁྱོད་ཀྱི་ཁྱོན་ཆེ་བའི་ནམ་མཁའ་རུ་དལ་ཅིག་འཕུར་འདོད
ང་རང་རྟ་ཕོ་འགྲོས་ལྡན་དང་འདྲ་བར
ཁྱོད་ཀྱི་དྲན་པའི་སྤང་ཐོག་ཏུ་རྨིག་རྗེས་འགའ་དབབ་འདོད
 
དྲན་པ།  
 
ཁྱོད་ཀྱིས་སླར་ཡང་བརྩེ་བའི་རྩྭ་ཐང་འདི
དྭངས་བསིལ་གྱི་ཆུ་འཛིན་འཇམ་པོས་གཡོགས་པར་བྱས
ཁྱོད་ཀྱིས་སླར་ཡང་ཁོ་བོའི་སེམས་ཀྱི་བར་ཐག་ལ
སྙོབ་ཏུ་མེད་པའི་ཆུ་ཚན་ཕོར་བ་གང་བཞག
 
ཉི་འོད་སྔར་བཞིན་སྒེའུ་འགྲམ་དུ་འཕྲོས་འདུག
རླུང་བུ་ཡང་ལན་རེར་སྒེའུ་འགྲམ་ན་ངལ་གསོ་བྱེད་ཀྱིན་འདུག
ཡིན་ནའང  ད་ལྟ་ཁྱོད་ཀྱིས་བསྒྱུར་བའི་རྡོག་མགོར་ཉི་འོད་མི་འདུག
 
ཁ་རྩང་བས་མཐའི་སྒེའུ་ཁུང་དེ་ནས་ཁྱོད་ཀྱི་རྡོག་རྗེས་མཐོང་བྱུང
རྡོག་རྗེས་དེ་ཁ་བའི་ཁྲོད་ནས་མཐོང་བྱུང
ཕྱིར་མི་ལྡོག་པའི་དམ་ཚིག་མཐའ་དག་རྡོག་རྗེས་ཁྲོད་དུ་ལུས
ཡིན་ནའང མངོན་རྗེན་རྗེན་དུ་བུད་པའི་ཁྱོད་ཀྱི་ཞལ་རས་མི་འདུག
 
བརྩེ་བ་ཞིག་གི་གོད་ཆགས
 
སྙིང་གི་འཕར་སྒྲའི་མཚམས་སུ་ལྷུང་བའི་མིག་ཆུ
སྣང་བར་བརྒྱུས་པའི་འཇའ་ཚོན་ལས་བསྟུན་མར་ལྷུང་ནའང
ཉ་རྒྱའི་དྲ་མིག་ལྟ་བུའི་སེམས་པ་འདི་ཡིས
ཁྱོད་ཀྱི་སྒྱུ་འཕྲུལ་གྱི་འཇའ་ཚོན་དང་མིག་ཆུ་ཐེག་ཐབས་བྲལ
 
བརྗེད་བྱང་།
         
རྒྱང་རིང་དུ་བབས་པའི་མིག་ཟུང་གི་ཁ་བ་དག
སྔོན་ཆད་ཁྱོད་རང་སྡོད་སའི་སྐམ་སར་ཁེར་རྐྱང་དུ་བབས་བྱུང
ལམ་འགྲམ་གྱི་ལྗོན་པ་དག་གིས་དེ་རིང་མགོ་བོ་དུད་དེ
རང་ཉིད་ལ་འགྲེལ་བཤད་རྒྱག་མི་ཤེས་པའི་ཞྭ་མོ་ཞིག་གྱོན་བྱུང     
རླུང་བུ་དང་བསྡོངས་པའི་སེམས་པའང
ཁྱོད་ཀྱི་མིག་ཟུང་ལས་ལྷུང་བའི་ཁ་བ་ནང་བཞིན
ཁྲོམ་སྲང་གི་འདུས་མདོ་ཀུན་དུ་རླུང་གིས་སྤུར
 
དེ་རིང་གི་ཁ་བ་འབབ་སྟངས་འདིས
ང་རང་ཕ་ཡུལ་དུ་འགྲོ་བའི་ཉི་ནུབ་དྲན་འོང
འགྲོ་ཁར་ཁྱོད་ཀྱིས་བློས་མི་ཐོང་བའི་ཨམ་གཙིགས་ཀྱང་དྲན་འོང
སྙིང་གི་ཟོམ་དང་སེམས་པའི་ཁྱོར་བར་ལྷུང་བའི་མིག་ཆུ་དག་གིས
རྒྱང་རིང་བའི་ཡུལ་གྲུ་ཞིག་ནས་བདེ་མོ་བཞག་པའང་དྲན་འོང
 
མིག་ཟུང་གིས་མ་ཐེག་པའི་སྐྱོ་གདུང་གི་ཁ་བ་མཐའ་དག
སྙིང་གི་ཁྲོམ་སྲང་ཀུན་དུ་སྤུངས་ནས་མེ་རུ་སྦར་ན
སྙིང་ཐག་གིས་བསྡམས་པའི་འཁྱག་པ་དག་ཡེ་ནས་ཞུ་ཐབས་བྲལ
                     19/3/2019
                                    རྩོམ་སྒྲིག་པ། མྱི་གསར་བ།