འཁོར་བའི་དབྱངས།

    རྣམ་ཤེས་འཁྱམ་པོ།


འཁོར་བའི་དབྱངས།

                             རྣམ་ཤེས་འཁྱམ་པོ།


སྒེའུ་ཁང་ཕྱི་རོལ་ལ་མུན་རུབ

ནང་སེམས་ཀྱི་གཙང་བོ་ལ་ལྷིང་འཇགས་ཀྱི་འགྲམ་དར་ཆགས

རོལ་དབྱངས་ཁོ་ན་ཆུ་འཁྱགས་བཞིན་བཏུང་མཁན་ལགས

མཚན་མོ་འདི་ཁྱོད་ལ་དབང་བའི་རང་དབང་གི་གར་སྟེགས་ཡིན

འཁོར་བ་ནི་ལྷ་སྒྲུང་ཞིག་ཡིན་པའི་དབང་དུ་གཏོང་ན

མཚན་མོ་འདི་འགྲེལ་བཤད་མེད་པ་ཞིག་ཅི་ལ་མིན

ཆང་མ་དང་བུ་ཕྲུག་དག་ནི་ལྷ་དང་ལྷ་མོའི་ཚོགས

ཁྱེད་རང་ཡང་སུ་དང་གང་གིས་མཚོན་མི་ནུས་པ་ཞིག་གྱིས་ཀྱང་ཡིན་སྲིད
 

འཚོ་བ
 

ཡོད་ཚད་ངལ་དུབ་དང་སུན་སྣང་ལས་བརྒལ་རྗེས

མུན་ནག་གི་མཆེ་བ་འཛུགས་ས་ང་ཁོ་ན་མིན་པ་ཤེས

ངས་རང་གི་བསམ་བསམ་འདོད་འདོད་ཀྱི་འཚོ་བ་ཆུང་ཆུང་ཞིག་སྐྱེལ

དེ་ནི་ཆེས་མཛེས་བའི་རང་གི་ཤཱམ་བྷ་ལར་སྒོམ

དེ་ལྟར་ཉིན་མོ་དཀར་བོ་དང་མཚན་མོ་ནག་པོ་བཞིན་རྩིས་ཡོང་དུས

ང་ནི་དངོས་ནས་དཀར་གཙང་གཙང་གི་ཤོག་བུ་ཞིག་ཡིན་པ་འདྲ

ཤོག་བུ་དེ་ཁོ་ནའི་རང་གི་གནམ་ཁ་སྔོན་པོ་རྟོལ་ཞིང་ས་གཞི་ནག་པོ་ཁེབས་བཞིན་པ་འདྲ

ངོ་མ་བཤད་ན་ང་ནི་སྟོང་བསམ་ནས་ལྷུང་སོང་བའི་བྱིའུ་ཞིག

ཡོད་ཚད་པོ་རང་འགྲུབ་ཞིག་མ་ཡིན་ལ   རང་འགྲུབ་ཞིག་ཀྱང་་ཡིན་པས་སོ

དཔྱིད་ཀ་ནི་རླུང་དང་སྟོན་ཀ་ནི་ཟླ་བ་ཡིན་པའི་དབང་དུ་གཏོང་ན

ང་ནི་དེ་གཉིས་གང་ཡང་མ་ཡིན་པའི་དགུན་ཁའི་ཁ་བ་ཡིན་པ་འདྲ

དེ་ནི་དཀར་བོ་ཡིན   ཁ་མདོག་གང་རུང་ལས་བརྒལ་བའི་བརླན་ཤེར་ཡིན

རྒྱ་མཚོ་དང་ཀོ་གྲུ་ཡིན    རང་དབང་དང་རྨི་ལམ་ཡིན
 

གདོང་གི་མི
 

སྐྱོ་གདུང་དང་སུན་སྣང་གི་བྱིའུ་ཚང་འདི་ལ་ཉི་འོད་འཆར་མི་སྲིད

ངའི་རེ་ཆད་ཀྱི་མཁའ་དབྱིངས་སྐྱ་བོར་སྐར་ཚོགས་ཅིག་ཡོད་ན་ཅི་མ་རུང

སྡིག་སྒྲིབ་གྱི་ལམ་ཐིག་ནག་པོར་བརྩེ་ཞེན་གྱི་འོད་སྣང་ཡོད་ན་ཅི་མ་རུང

སུན་སྣང་གི་ན་ཟུག་རྒུམ་མཁན་གྱི་བུ་མོ་ལགས

ངས་ཁྱེད་ལ་རྣམ་རྟོག་གིས་སློང་བའི་གཏམ་རྒྱུད་ཅིག་མཆེད
 

སང་ཉིན་ནི་ལུག་ཁྱུ་དང་རྟ་ནོར་མེད་པའི་ལོ་ཟླ་ཞིག་ཡིན་སྲིད་ན

ང་གཉིས་མུ་གེ་དང་ལྟོགས་གིས་འཆི་ཡང་སྲིད

དེ་ནི་མཛེས་སྡུག་དང་མཚར་སྡུག་བོར་བའི་སྲིད་པ་ཞིག་ཡིན

མེ་ལོང་དངོས་ཀྱི་རང་ཉིད་ལ་སྟོང་བཤད་དང་ཁེར་ལབ་གྱི་སེམས་པ་གསོ
 

ང་རང་གཞི་ནས་འཆི་བ་ལ་སྙིང་ཉེ

འཆི་བ་ཁོ་ན་མཇུག་སྒྲུལ་བྱེད་ལས་བརྒལ་ཏེ་འགོ་འཛུགས་བྱེད་དུ་སྒོམ

ཁེར་རྐྱང་གི་བྱེ་ཐང་ནས་རང་གི་གྲིབ་མ་ཁོ་ན་གདོང་གྲོགས་སུ་སྒོམ་དགོས་ནའང

ང་ལ་བློ་འགྱོད་མེད
 

ཁང་སྟོང་།
 

སྒེའུ་ཁང་ཕྱི་ཡི་ཆོམ་སྒྲ་དང་འུར་སྒྲ་དག་གཡུགས་ནས

རོལ་དབྱངས་འདི་ཁོ་ན་ལག་པའི་བསྐྱོར་ནས་ཡུན་གཅིག་བསྡད་བཙའ་ན

ཕྱི་རོལ་ནི་རྒྱ་མཚོ་ཆེན་པོ་ཞིག་སྟེ་མི་རྣམས་རང་ལ་དབང་བའི་ཀོ་གྲུ་རེ་འདུག

སྤྲིན་པ་དག་ལོ་སྦྲས་པའི་བཟོལ་གྱིས་དལ་གྱིས་བགྱུ

ངས་རང་གི་ཀོ་གྲུ་མགོ་ལ་བཀབས་ནས་ཆར་ཤོད་ཅིག་ལ་ངང་གིས་སྒུག

དེ་ནི་རང་དབང་གཅིག་ཡིན་པར་སེམས
 

མཚན་མོ།


མཚན་མོ་སྟེ་ལྷིང་འཇགས་ཀྱི་མཚན་མོ་ཞིག་ཡིན

ཁྱི་རྒན་འང་ཆད་འདུག་པའི་ངང་གིས་ཁ་རོག་གེར་ཉལ་འདུག

སྦི་རག་ཁོ་ནའི་དབུགས་ཧེམ་ཧེམ་གྱིས་ང་ལ་དགའ་སྐྱོ་ཆགས་སྡང་གི་མངར་བཅུད་སྦྱིན།

འཚོ་བའི་རི་མོ་གནམ་ལ་བྲིས།

སྣང་བའི་རྟ་རྒོད་རི་ལ་དེད།

རྨི་ལམ་གྱི་ཐང་ནས་རེ་སྒུག་གིས་དྲན་གདུང་དམར་བོ་གཏོད་ཐག་གི་བཏེགས

ཁུ་སིམ་མེར་ལྷས་འདབ་ནས་འབྲི་རྒན་ཀ་ལི་མའི་མིག་གཉིས་མཆུ་མའི་གང་།

གང་ནས་བོར་ཡང་ནམ་ཞིག་རྙེད་པའི་གཏམ་སྟེ་བདེན་པར་སྨྲ་བ་ཡིན་ན།

དོ་དགོང་གི་རོལ་དབྱངས་འདིའང་འབྲི་རྒན་གྱི་བོར་ནས་རྙེད་པའི་བརྩེ་མདང་ཞིག་ཡིན་མོད

ངས་བརྗེད་མྱོང་མེད་པའི་མྱི་སྟེ་རྙེད་རན་ཡིན   འཇིག་རྟེན་ནས་རྙེད་རན་ཡིན

མྱི་ཡུལ་ནས་རྙེད་རན་ཡིན

ལྷ་མོ་ལྟ་བའི་མྱི་སྟེ  སྲིང་མ་ལྟ་བའི་མྱི་སྟེ   ཀླུ་མོ་ལྟ་བའི་མྱི་སྟེ

སེར་ཆེན་གྱི་མེ་ཏོག་ཞིག་གི་ཚུལ་གྱིས    མདང་ཆེན་གྱི་ཕྱེ་ལེབ་ཞིག་གི་ཚུལ་གྱིས

དབྱར་ཟླའི་དྲོད་ཀྱིས་སྐྱོང་འོག་ནས    མཛེས་པའི་འཛུམ་གྱིས་འགུག་འོག་ནས

རྙེད་རན་ཡིན   

 

ངོ་མི་ཤེས་བའི་སྙན་ངག་ཅིག
 

རླུང་ནག་གི་སྒེའུ་ཁང་ནང་ནས་མགོ་བོ་བསྲིང་སྟེ་ཆར་སིམ་གྱི་མིག་ཆུ་མ་གཏོར་གོང

མཁའ་རླུང་འཕོས་སའི་ནམ་མཁའ་སྤར་མོ་གང་ལ་རེ་སྒུག་གི་འཇའ་གུར་གང་མང་

ཕབས་མྱོང

རི་ཐང་གི་ལང་ཚོའི་འབྱོར་སྒེགས་ཙག་རླུང་གི་མ་བཅོམ་གོང

སྣང་བ་རང་ཡན་ཅིག་ལ་ཐ་མོག་སྒྲོན་ནས་སེམས་ཁམས་ལ་སྤྲོ་བ་ཡང་ཡང་སྦྱིན

བྱིས་པ་པྲ་ཆལ་ཞིག་གི་སེམས་ཁམས་རློན་པ་དེའི་སྙིང་ནད་ཡང་ཡང་སློང་མྱོང

གནམ་གྱི་ལག་པ

ས་ཡི་རྐང་བ

ཁྱེད་ཀྱི་གྲིབ་མ

ཡོད་ཚད་རྨི་ལམ་ལ་བཅོལ་འཇོག

ཡོད་ཚད་འདས་བ་ལ་བྱིན་འཇོག

གཅིག་གི་ཡུན་ཚད

གཉིས་ཀྱི་མན་ཚད

སུ་ལ་དབང་བའི་སྐྱག་པ་གཏོང་སའི་ས་ནག་གོར་གོར་ཡིན

ཧ་ཅིང་རིང་བའི

ཧ་ཅིང་ཐུང་བ

སུ་ལ་མཁོ་བའི་ཤོབ་ཅིག་བཤད་སའི་ནམ་མཁའ་ཤར་ཤར་ཡིན

དར་ལྕོག་གི་འདབ་མ་ཟད་པོ་ཡིན་ནམ་མིན

མཆོད་ཁང་གི་སྤོས་དྲི་སྣུམ་པོ་ཡིན་ནམ་མིན

སྐྲ་ལོ་རླུང་ལ་སྐུར་མྱོང་ཟེར

རླུང་ཁ་མྱི་ལ་གཏོད་མྱོང་ཟེར

ཞི་མོ་ཅིག་གི་དྲན་གདང་དམར་བོ་ཁྲག་གི་བརྫས་སོང

ཞི་ལུ་ཅིག་གི་དམ་བཅའ་ནག་པོའི་མདུད་པ་གྲོལ་སོང

དུས་ཚོད་མི་ཚར་བའི་ཉིན་ཁ་ཤས་ལ

དམར་ཟས་མི་འགྲོ་བའི་ཇ་ཐོག་འགའ་རོལ་མྱོང་།

མཚན་དེར་སུ་ཡིན་མི་ཤེས་བའི་མྱི་འགའ་ལ་སེམས་གཏམ་བཤད་རྗེས

རྨི་ལམ་བོར་སོང

དྭངའ་གཙང་གི་བྱིས་བློ་ཅིག་གི་སྐྱ་རེངས་འདྲེན་ནུས་སམ

ནུས་སམ   
                 
རྩོམ་སྒྲིག་པ། མྱི་གསར་བ།