དེའི་རྗེས་སུ།

    རྩོམ་པ་པོ།


དེའི་རྗེས་སུ། 

 

            བསོད་ནམས་དབང་པོ། 


 

 

མཚན་མོ་དེར

མོས་ང་ལ་ཆུ་འཁྱགས་ཟོ་བ་གང་སྤྲད་བྱུང

དེའི་རྗེས་སུ  

ང་ཡིས་མོའི་རེ་བ་བཞིན་ཆུ་འཁྱགས་བཏུང་ནས་བསྡད། 

                     

༢ 

 

རླུང་གིས

བརྩེ་དུང་གི་ལྗོན་པ་ཡང་ཡང་བསྒྱེལ་སོང

སྒྲོལ་མ་མེ་ཏོག  མེ་ཏོག་གི་འདབ་མ་འཐོར་རྗེས

རྣམ་ཤེས་བོར་བའི་ཐོ་ཡོར་འདིས

ཆུང་དུས་ཀྱི་རྨི་ལམ་ཡང་བོར་སྟོར་ཐེབས

 

 

སྙིང་ལགས  གད་སྙིགས་ནང་གི་ཤོག་ཧྲུལ་དེ་དག་ང་ལ་བསྐྱུར་རོགས

ཁྱེང་རང་དབུས་ལ་སོང་རྗེས་ཀྱི་སེམས་པ་རྨས་མ་དེའང་ང་ལ་བསྐྱུར་རོགས

 

ང་རང་གི་ནང་སེམས་སུ་གཅིག་པུར་སྐྱོ་གདུང་རུམ་ནས་བསྡད་ཡོད། 

 

ང  རང་གི་གྲིབ་མའི་ནང་གི་གཟུགས་བརྙན་ལ་ཧད་དེ་ལུས

མངོན་སུམ་གྱི་འཚོ་བས་མནར་གཅོད་ལ་སྐྲག་སྟེ་ཕྱིར་རང་གི་ནང་སེམས་སུ་ལོག

ཁང་སྟོང་འདིའི་ནང་དུ་ང་རང་གཅིག་པུ་མ་གཏོགས་སུའང་ལྷག་མི་འདུག

ངས  ངོ་ཤེས་པའི་མི་དེ་དག་སྔ་མོ་ནས་གང་ཞིག་ལ་ལོག་ཟིན

མདང་ནུབ་ཉལ་ཁྲིའི་སྒང་ནས་ཀུན་སྤྱོད་ཀྱི་ལྕགས་རི་བརྟོལ་མཁན་གྱི་

བུ་མོ་དེས་ཀྱང་ང་རང་གཡུག་སྟེ་འཁྱམ་སོང་པ་འདྲ

འཇིག་རྟེན་འདིར་རྟག་བརྟན་ཐེར་ཟུག་གི་མཛའ་བཤེས་ཤིག་མི་འདུག་ཨང

ཁོ་ཚོ་གཅིག་རེ་གཅིག་རེ་བྱས་ཏེ་སོང་ཟིན

རིམ་གྱིས་ངའི་ཉེ་རིང་ཆགས་སྡང་གི་གཉའ་ཆག་སོང

ང  རང་གི་ནང་སེམས་སུ་གཅིག་པུར་སྐྱོ་གདུང་རུམ་ནས་བསྡད

 

སྙིང་ལགས། 

         

ང་ལ་སྙིང་མེད

ངའི་སྙིང་ལོ་དེར་ཁྱོད་ཀྱིས་བརྐུས་སོང

 

ང་ལ་མིག་མེད

ངའི་མིག་ཁྱོད་ཀྱིས་འོད་སྣང་གི་ཆེད་དུ་བྲུས་སོང

 

ང་ལ་དུས་ཚོད་མེད

ངའི་དུས་ཚོད་ཁྱོད་རང་རེ་སྒུག་ཁྲོད་རྒས་ཁོག་ཆགས་སོང

 

ང་ལ་ཅི་ཡང་མེད་ཀྱང

ང་ལ་ཡོད་པ་དེ་ཁྱོད་རང་གཅིག་པུ་ཡིན་ན་བསམ་བྱུང

             2019/1/30མཚན་མོ།

 

དང་སྒྲ་མང་པའི་སྙན་ངག

 

ཉི་ཟླ་གཉིས་ཀ་མཉམ་གཅིག་ཏུ་གཡོ་བའི་ཆུ་གཞུང་དུ

ལྕེབས་ཐག་དྲུད་པའི་དགེ་འདུན་པ་ཞིག་དང

རླུང་དང་སྤྲིན་དང་འཇའ་ཚོན་དང་གཞོན་ནུ་མ་ཞིག་དང

དཔྲལ་བར་གཉེར་མ་བབས་པའི་སེང་གེ་ཞིག་དང

མིག་ཟུང་དུ་ས་སྲོད་ཤར་བའི་འཁྱམས་པོ་ཞིག་དང

སྐྱེ་བ་ཕྱི་མར་འཚང་རྒྱ་འགྱུར་གྱི་སྤྲང་བོ་ཞིག་དང

ཉ་དང་སྦལ་བ་དང་འོ་མ་འཐུང་བའི་ངང་བ་ཞིག་དང

ཁྲུང་ཁྲུང་ཁྱུ་ཞིག་ལམ་གོལ་བྱུང་བའི་དུས་ཚོད་བཅས

ངའི་ཁ་ནས་ཁྲག་དང་སྣབས་དང་ལུད་པ་དང་མཉམ་དུ་སྐྱུག་བྱུང

 

ང་ཡིས་སེམས་ཆུང་ངང་ཁྱོད་རང་དྲན་བཞིན་སྙན་ངག་བརྩམས།                

 

ལྷིང་འཇགས་ཀྱི་དུས་ཚོད་འདི་ང་རང་གཅིག་པུའི་ཡིན

ཁོ་མོ་འུར་ཟིང་ཁྲོད་དགའ་སྤྲོས་བཟི་བསྡད་ཡོད་ངེས

 

སེམས་པ་འདི་རང་དབང་གིས་ཁ་ལོ་སྒྱུར་མི་ཐུབ་ཀྱང

དྲན་གདུང་ཁུར་བའི་འཕྲིན་པ་འདི་ཁྱོད་སར་སྤྲིང་བར་ང་རང་ཞེད

 

འུ་གཉིས་གྱེས་བྲལ་བྱུང་ནས་བསྐལ་བ་སྟོང་ཕྲག་ཡིན

སེམས་པ་གཉིས་ཁ་ཐག་རྒྱང་ནས་བསྐལ་བ་སྟོང་ཕྲག་ཡིན

 

གཙོད་འབོད་པའི་མཐོ་སྒང་གི་གནའ་གྲོང་དེ་ནས

ཁྱོད་རང་སོང་རྗེས་ངའི་ནང་སེམས་སྟོང་བར་ལུས་སོང

 

ཉི་མ་ཕྱི་དྲོའི་གྲིབ་ཡོལ་གྱིས་ནུབ་ཁར་བསྐྱོན་དུས

ང་རང་ཁང་བརྩེགས་ཀྱི་ཉམས་དམས་ཁྲོད་དེ་ལྟར་ཁ་རོག་སྡོད་དགོས་བྱུང

 

སྨག་ནག་གི་མཚན་མོའི་འཇིངས་སུ  ང་རང་གཅིག་པུ་གཡུལ་སར་ཞུགས

སེམས་ཆུང་ངང་དེ་ལྟར་ཁྱོད་རང་དྲན་བཞིན་སྙན་ངག་བརྩམས

          2019/1/30 ཕ་ཡུལ་དུ།

                                             རྩོམ་སྒྲིག་པ། མྱི་གསར་བ།