ང་ཡི་འཇིག་རྟེན།

    རྩོམ་པ་པོ། ལྡོང་ནོར་བུ།


ང་ཡི་འཇིག་རྟེན། 

 

              ལྡོང་ནོར་བུ།


  

འཇམ་གཉེན་གྱི་རླུང་ལ་ཞོན་ནས་འཇིག་རྟེན་རུམ་དུས

ངས་འཇིག་རྟེན་རྟག་རྒྱུ་ན་ཆེ་སྙམ

འཁུན་སྒྲའི་དབྱངས་དང་འགྲོགས་ནས་ཚོར་བ་སྒམ་དུས

སྐྱེ་རྒ་ན་འཆི་རང་དང་ཧ་ཅང་ཐག་རིང་རྒྱུ་ན་ཡག་འདོད

རྣམ་གཞག་གི་དྲ་རྒྱ་གློ་ཁུག་དུ་བཅུག་སྟེ་འཚོ་བ་རོལ་དུས

མགོ་ལྷམ་ཞིག་གོན་ནས་གཉིད་ན་བསམ

གཅེར་བུའི་གྲུབ་མཐའ་དང་ལེན་བགྱི་དུས

བུད་མེད་ཅིག་གཉའ་རུ་ཁུར་ནས་སྲང་ལ་འཁྱམས་པར་སྤྲོ

འདི་དག་ནི་སུས་ཀྱང་རོལ་མ་མྱོང་བའི་འཇིག་རྟེན་ཞིག་ཡིན

སུས་ཀྱང་རོལ་མ་མྱོང་བའི་ཞིང་ཁམས་ཤིག་ཡིན

 

ཉི་མའི་འཆར་ནུབ་ལག་མཐིལ་དུ་བླངས་ནས་བུད་ཤིང་འཐུ་དུས

གཙང་བོའི་བཞུར་སྒྲ་རན་པར་གྲག་ན་སྙམ

རྨི་ལམ་གྱི་རབ་ཁ་ནས་སད་དེ་ཀེ་ཐུར་དཀྲོལ་དུས

གློ་བར་དུ་ང་ཡི་སྣོད་བཅུད་ལ་འཇིག་པ་མ་བྱུང་ན་ཆེ་འདོད

མཛའ་མོའི་པང་ནས་བྱིས་པ་བཞིན་ཉལ་དུས

ཟླ་བ་སྤྲིན་དུ་མ་ཡིབ་ན་ངེད་གཉིས་སྐྱིད་ཀྱི་རེད

གློ་བར་གྱི་བྱུང་བ་མཐའ་དག་ཆུ་ཡིས་ཁུར་དུས

འཇིག་རྟེན་ན་གློག་མེད་ཀྱང་ང་དཀར་མེ་སྒྲོན་པར་དགའ

སུས་ཀྱང་རོལ་མ་མྱོང་བའི་འཇིག་རྟེན་ཆུང་ཆུང་ལ་དགའ།

ཆུང་ཆུང་གི་འཇིག་རྟེན་ཞིག་ང་ལ་མཁོ

                    2018/2/8

 

འཆི་བ།

 

ནམ་ཞིག་གི་དུས་ལ

ང་རང་འཆི་བའི་སྒོ་དྲུང་དུ་བསྡད་དེ

འཁོར་བའི་ཆོས་ཉིད་ལ་སྲུན་འདྲུད་བྱེད་པར

ངས་བསམ་བློ་མ་བཏང

 

ནམ་ཞིག་གི་དུས་ལ

རྣམ་ཤེས་ཀྱི་དབུགས་རྒྱུ་ཕྲ་མོ་གཅིག་དུ་འདུས་ཏེ

གཅེས་པའི་ལུས་ཕུང་དང་བྲལ་བར

ངས་བསམ་བློ་མ་བཏང་།

 

ནམ་ཞིག་གི་དུས་ལ

ཕུན་ཚོགས་དག་སྐྱུར་ཏེ

འཁྲེང་ཞེན་གྱི་སྡོམ་རྒྱ་ལས་མཐར་ཡོད་མིན་ལ

ངས་བསམ་བློ་མ་བཏང

 

ནམ་ཞིག་གི་དུས་ལ

གནོང་འགྱོད་ཀྱི་རབ་ཁ་ནས་ཕྱིར་མིག་འཕངས་ཏེ

ཅི་ཡང་མ་འགྲུབ་པའི་བཟོ་ལྟ་ཤར་མིན་ལ

ངས་བསམ་བློ་མ་བཏང

 

འཆི་ཁར་ཕ་ཡུལ་གྱི་སྤྲིན་པ་ལེབ་མོ་དང་གཙང་བོ་མཐོང་མིན་ཁོ་ནར

ངས་བསམ་བློ་ཡང་ཡང་བཏང་བ་ཡིན

                2018/02/09ཉིན་སྤོས་ལྡན་ནས། 
                               
རྩོམ་སྒྲིག་པ། འཕགས་མི།