ཁྱོད་ཀྱི་མིག་ཟུང་གི་སྐྱེད་ཚལ་དུ།

    རྩོམ་པ་པོ། རྨེའུ་འཇིགས་བློ།


ཁྱོད་ཀྱི་མིག་ཟུང་གི་སྐྱེད་ཚལ་དུ།

 

                          རྨེའུ་འཇིགས་བློ། རྔ་བ།


 

མེ་ལོང་གི་ནང་དུ

འཚོ་བ་དང་རྨི་ལམ་ཤོང་ཐབས་མི་འདུག

ཁྱོད་ཀྱི་མིག་ཟུང་གི་སྐྱེད་ཚལ་ཁོ་ན་ལས་གང་ཡང་ཤོང་ཐབས་མི་འདུག

 

ངས་དགུན་ཁ་མཚོན་བྱེད་ཀྱི་ལག་པ་ཡ་གཅིག་གི་ངོས་སུ

སྤྲིན་གྱི་རལ་བ་དང་ཁ་བའི་མིག་ཆུ་བྲིས་ནས

ས་རུ་ཟགས་མ་ཐུབ་པའི་སྟོན་ལོ་སེར་པོ་དེ་དག་མཚོན་པར་བྱས

དེ་དག་གིས་གཏམ་རྒྱུད་ཅིག་ལ་འགྲེལ་བཤད་བྱ་ཐུབ་པར་ཡིད་ཆེས་བྱས

 

རྒྱང་རིང་བའི་དྲན་པ་དེ་དག་ནང་དུ་བཀུག་ཚེ

ཆེས་དྲན་སླ་བ་ནི་རང་ཉིད་མཚོན་བྱེད་ཀྱི་ཡིག་འབྲི་དེ་དག་ཡིན་ལ

ཆེས་བརྗེད་དཀའ་བ་ནི་ཁྱོད་ཀྱི་མིག་ཟུང་མཚོན་བྱེད་ཀྱི་ཐ་སྙད་དེ་དག་ཡིན

དུས་ཚོད་མང་པོ་ཞིག་དེ་ལྟར་རོག་གེར་འདས་པའི་རྗེས་སུ

ངས་ཆུ་འཁྱག་ཕོར་བ་གང་གི་ནང་དུ་ལོ་ཟླའི་ངལ་དུབ་བཅུག་ནས

སླར་ཡང་དགུན་ཁ་སླེབས་པར་རེ་སྒུག་བྱས

 

དེ་རིང   ངས་རང་ཉིད་བོར་སོང་བའི་ཚུལ་གྱིས

ནམ་མཁའ་དང་ས་གཞིའི་སྐྱི་པགས་ལ་འདྲེས་ཐབས་བྱས

རྨི་ལམ་དང་བརྩེ་དུང་གི་ལག་པར་འཇུ་ཐབས་བྱས

དེ་ལྟར་མང་པོ་ཞིག་ལ་གོམས་ཤིང་འགྲོགས་པའི་རྗེས་སུ

མེ་ལོང་གི་ནང་དུ་ལྕེབས་ནས་ཁྱོད་རང་འཁྲིད་ཐབས་བྱས

 

ས་སྲོས་ཀྱི་དུས་སུ

ངས་ཁྱོད་ཀྱི་མིག་ཟུང་གི་སྐྱེད་ཚལ་དུ་ཁ་བ་འབབ་པར་བལྟས

ཁ་བའི་ངོས་སུ་དྲན་གདུང་གི་རོལ་མོ་དཀྲོལ་བར་ཡང་ཡང་ཉན

                           ༢༠༡༩-༣-༡༥

 

              རྩོམ་སྒྲིག་པ། མྱི་གསར་བ།