སེམས་ཀྱི་རྣམ་རྟོག་གཟུགས་སུ་བཀོད་པ།

    རྩོམ་པ་པོ། ལྡེའུ་ནག


སེམས་ཀྱི་རྣམ་རྟོག་གཟུགས་སུ་བཀོད་པ།

 

                           ལྡེའུ་ནག    སྲིབ་མདའ།


 

འཆར་ཡན་སྟོང་ཕྲག་དུ་མའི་ལྡེབས་རིས་ཀྱི་ངོགས་སུ། །

འཁོར་འདས་ཉི་མ་འདས་པའི་རྟོགས་ལྡན་གྱི་རྒན་པོ། །

དགའ་སྐྱོ་ཟུང་དུ་འབྲེལ་བའི་གནས་ལུགས་ཤིག་དཀྲོལ་དུས། །

སེམས་ཀྱི་ས་གཞིའི་བག་ཆགས་དབང་མེད་དུ་ཞི་སོང་། །

 

སྨྲ་བསམ་བརྗོད་ལས་འདས་པའི་ཆོས་ཉིད་ཀྱི་གསང་བརྡ། །

སྒྱུ་མའི་བར་སྣང་སྟོང་པའི་དབྱིངས་རུམ་ལ་ཞུགས་ནས། །

བརྐྱངས་སྐུམ་ཕྱག་རྒྱའི་རོལ་གར་ཉིན་རེ་བཞིན་བཙལ་དུས། །

སྒྲིབ་མེད་སེམས་ཀྱི་དམུས་ལོང་རང་ས་རུ་འཛད་ཐལ། །

 

དོན་དམ་ཚོར་བའི་གཙང་བོ་རབ་ཁ་ནས་བཞུར་ཞིང་། །

རྣམ་རྟོག་གསེར་ཉའི་འཁྱུག་རྩལ་ལིང་ལིང་དུ་འཕར་བའི། །

ཚོར་བའི་སྙིང་ཁུ་མངར་མོ་སིལ་བུ་རུ་བསྙལ་ན། །

རང་སེམས་མཁའ་དབྱིངས་རྒོད་པོའི་གཤོག་སྒྲོ་རུ་གྱུར་འགྲོ། །

 

ནམ་ཟླ་འཁྱག་པའི་ནང་ནས་གཞས་ཆུང་ཞིག་བླངས་ཏེ། །

སླར་ཡང་ས་སྲོད་ཟླ་བའི་ཞལ་ངོ་ལ་ཡེངས་དུས། །

སྙུག་གུའི་སྐེད་པའི་དཀྱིལ་ནས་གླིང་བུ་ཞིག་གྲགས་ནས། །

ཁེར་རྐྱང་ཚོར་བའི་ལྷན་སྐྱེས་དབང་མེད་དུ་སྒུལ་སོང་། །

 

བརྩེ་འདང་རོལ་དབྱངས་ཉལ་བའི་ཁང་བཟང་གི་དཀྱིལ་དུ། །

བསམ་ན་ཤུགས་རིང་འབྱིན་པའི་བར་སྐབས་ཤིག་ཚེས་ཏེ། །

མ་འོངས་འཚོ་བའི་རྟེན་འབྲེལ་མངོན་བློ་རུ་འཆར་ཚེ། །

འགྱོད་སེམས་གདུང་བ་སྒྱུ་མའི་རྟ་གླང་བཞིན་འཆར་འོང་། །

 

ཡིད་གཅུགས་སྣང་བའི་རི་ལུང་བར་གསེབ་ཀྱི་ནགས་སུ། །

སྨིན་ཞིང་བརྗིད་པའི་ཁ་དོག་ཡིད་འོང་ཞིག་མཐོང་ནས། །

མ་འོངས་རྟེན་འབྲེལ་དུ་མའི་སྣོང་བཅུད་ཀྱི་བཀོད་པ། །

འདི་ནས་སྒྲིབ་མེད་སེམས་པའི་ས་གཞི་རུ་འཚེར་སོང་། །

 

སྨིན་མའི་སྒེག་པ་ངོམས་པའི་སྐྱེད་ཚལ་གྱི་དབུས་སུ། །

བདག་ལ་དྲོད་ཐིགས་བསྩལ་བའི་སྣང་སྲིད་ཀྱི་བརྡ་གླུ། །

ཚོར་རྐང་རུས་པའི་གཏིང་ནས་ཡང་ཡང་དུ་ཐོས་དུས། །

སེམས་ཀྱི་སྒྲིབ་པའི་ན་ཟུག་དབང་མེད་དུ་ཞི་ཐལ། །

 

ད་ནི་ཚོར་འདུའི་རྣམ་ཤེས་གཞན་ཡུལ་ལ་འགྲིམས་ནས། །

ལོ་དང་ཟླ་བའི་འཁོར་ལོ་དབང་མེད་དུ་རྫོགས་ཤིང་། །

དྲན་ཤེས་གསང་བའི་གཏམ་རྒྱུད་བང་རིམ་གྱི་འདབ་མ། །

རེ་ཞིག་སྨྲ་བའི་འགག་པའི་ཀློང་ཡངས་ནས་གྲོལ་ལོ། །                

                2018/10/15/
                                   
རྩོམ་སྒྲིག་པ། མྱི་གསར་བ།