ཕ་ཡུལ་གྱི་ཟླ་བ་ཁེར་མ།

    བཙན་པོའི་ཕོ་ཉ།


ཕ་ཡུལ་གྱི་ཟླ་བ་ཁེར་མ།

 
                   བཙན་པོའི་ཕོ་ཉ།
 
༼༡༽
ཕ་ཡུལ་གྱི་ཟླ་བ་ཁེར་མ
དྲན་པའི་གཏིང་རུམ་ནས་ཚེས་བྱུང
ཕ་ཡུལ་གྱི་ཟླ་བ་ཁེར་མ
གྲོང་ཁྱེར་གྱི་གློག་སྒྲོན་འོག་ནས་དྲན་བྱུང
འདར་ལྕུག་ལྕུག་གིས་ལྕང་རྩེར་ཁེན་པའི་ཟླ་བ་དེ
ཕ་ཡུལ་ཨ་མའི་བྱམས་རྩེ་ཐོགས་པའི་འཛུམ་ཆུང་ཡིན་ནམ
སྐྱ་མོག་མོག་གིས་གྲོང་ཁྱེར་སྲང་ལམ་ན་ཚེས་པའི་ཟླ་བ་དེ
དྲན་གདུང་གིས་རྣོ་ལྕགས་གཟེར་བའི་འཁྱམས་པོའི་བཞིན་པ་ཡིན་ནམ
 
༼༢༽
དོ་ནུབ   གྲོང་ཁྱེར་གྱི་བཞི་མདོ་ཁ་རུ
ཕ་ཡུལ་གྱི་ཆགས་ཞེན་བསྣམས་པའི་ཟླ་བ
གློག་སྒྲོན་དམར་པོའི་འོག་གི་སྦི་རག་བཀྱག་མཁན་བུ་མོ་དེ་དག་དང
དུ་ཆང་ཧུབ་འཐེན་བྱེད་པའི་གསར་བུའི་ཚོགས་དང་ལྷན་དུ
གྲོང་ཁྱེར་གྱི་མཚན་པོའི་ལྷིང་འཇགས་དཀྲོག
 
༼༣༽
སུ་ཞིག་གིས  ཕ་ཡུལ་ཨ་མའི་བྱམས་བརྩེ་དྲན་ཡོད
སུ་ཞིག་གིས   ཕ་ཡུལ་ཨ་ཕའི་རེ་སྒུག་བཏེག་ཡོད
དམར་པོ་མེ་དང་འདྲ་བའི་སེམས་པ་རེ་རེ
གྲོང་ཁྱེར་གཏིང་མཐའ་མེད་པའི་ཆུ་ཀློང་ལ་ཐིམ་དུས
རྒྱང་རིང་ས་མཐའ་འཁྱམས་པའི་ཁེར་གཞས་དེའི་ཐོག་སྣེ་རུ
ཕ་ཡུལ་ཡིད་ལ་བཅགས་པའི་གདུང་དབྱངས་གྱེར་ཡོད་དམ
 
༼༤༽
རི་བྲག་གི་ཁྲོད་དུ་དལ་བ་དལ་བུར
རྒྱང་རིང་དུ་བཞུད་ཀྱིན་པ་ཕ་ཡུལ་གྱི་ཟླ་བ་གཅིག་བུ་ཡིན་ནམ
བསིལ་རླུང་དལ་བུར་རྒྱུ་བའི་གྲང་ཟུག་དང་ལྷན་དུ
སེམས་པ་གཙག་པའི་ན་ཟུག་བརྗེད་ཀྱིན་པའང
ཕ་ཡུལ་གྱི་ཟླ་བ་ཁེར་མ་ཁོ་ན་ཡིན་ནམ
 
༼༥༽
གྲོང་ཁྱེར་གྱི་བསླུ་བྲིད་ནི་འགོག་དཀའ་བ་ཞིག་རེད་ཨང
གྲོང་ཁྱེར་གྱི་འཚོ་བའང་བརྗེད་དཀའ་བ་ཞིག་རེད་ཨང
སུ་ཞིག་གིས་ཐག་རིང་ནས་ཁུར་འོངས་བའི་ལྷག་བསམ་དེ་དག
སུ་ཞིག་གིས་ཕ་ཡུལ་ནས་འཇགས་ཟིན་པའི་རྨི་ལམ་དེ་དག
གྲོང་ཁྱེར་གྱི་གད་གཞོང་ནང་དུ་འགྱིག་རྫས་བཞིན་དོར
གྲོང་ཁྱེར་གྱི་བཞི་མདོ་ཁ་རུ་དགུ་གླུད་བཞིན་གཡུགས
 
༼༦༽
གྲོང་ཁྱེར་ནི་ཕ་ཡུལ་གྱི་སེམས་གཅོང་གསོ་བའི་ཁུག་སོ་དེ་ཡིན་ནམ
གྲོང་ཁྱེར་ནི་གཞན་ཡུལ་འགྲིམས་དུས་ཀྱི་གནས་མལ་དྲོན་མོ་དེ་ཡིན་ནམ
ཟླ་འོད་མོག་པོའི་འོག་གི་སྒོ་ཁྱིའི་ཟུག་སྐད་རེ་རེ
གྲོང་ཁྱེར་གྱི་འདུ་ཟིང་ཁྲོད་ནས
ནམ་ཡང་ཟུབ་ཀྱིན་པ་མིན་ནམ
ཚེར་མ་ཐོགས་པའི་དྲན་གདུང་གི་གླུ་སྐད་སྐྱ་བོ
ཕ་ཡུལ་གྱི་ཟླ་བ་ཁེར་མར་བླངས་པའི་དབྱངས་རྟ་མིན་པར་སྨོན

བཙལ་ན་རྙེད་མི་སྲིད་པ་དག
 
ཅི་ཞིག་རྙེད་འོང་བསམ་ནས
ས་གཞིའི་ངོས་ཀྱི་རྡུལ་ཟེགས་རེ་རེ་ནམ་མཁར་སྤུར་ཅིང
གླེག་བམ་དང་དཔེ་ཆའི་གསེང་གི་ཡིག་འབྲུ་རེ་རེ
གློ་སྙིང་གི་རྟོད་ཐག་ལ་སྦྲན་ནས་མིག་ཀོང་ལ་འཛུམ
ཨ་མའི་ཕྱག་ཟུང་གིས་གཉོར་བའི་སྦྲ་འདབས་ནས
མེ་ཏོག་དང་འདབ་རྫབ་གཉི་ཀ་བཏུས་ཏེ
གྲོང་ཁྱེར་དང་གཞུང་ལམ་དག་གི་གཞུང་རྟ་རུ་བཙན་གྱིས་སྦྲེངས
 
ཅི་ཞིག་རྙེད་མདོག་གིས་ལམ་དུ་བཞུད་དུས
ཅིའང་རྙེད་ཐབས་མི་འདུག
རི་བོ་དང་གཙང་བོ
གངས་རི་དང་རྩྭ་ཐང་དག་མིག་མཐའ་ནས་རིམ་གྱིས་མོག་སོང
 
ཅི་ཞིག་བཙལ་འདོད་ཀྱིས་ལམ་ལ་ཆས་དུས
གང་ཞིག་བཙལ་གྱིན་པ་ཤེས་དཀའ
རྟ་ཁྱུ་དང་འབྲོང་གཡག
ཕ་ཡུལ་དང་ཨ་མ་སེམས་རུམ་ལ་འཆར་བྱུང
 
སྒྲོལ་མ་ལྟ་བུའི་ཕ་ཡུལ་གྱི་བུ་མོ་དག
ལས་དབང་དང་མདུན་ལྗོངས་ལ་བཅོལ་བའི་རྡོག་ཁྲེས་འཁུར་ཏེ
རྒྱང་རིང་གི་གྲོང་ཁྱེར་དུ་ངལ་དུབ་དང་རྔུལ་ཆུ་བཙོས་ཀྱང
དངུལ་ལོར་གྱི་ཞགས་ཐག་འཚིག་པའི་སྣེ་རུ
ཅི་དང་གང་ཡང་རྙེད་རྒྱུ་མི་འདུག
 
འབྲོང་གཡག་དང་རྟ་ཁྱུ་ཞོགས་སའི་སྣེ་རུ
མར་རྩམ་གྱིས་གཞོབ་པའི་དྲི་ངད་ཡལ་གྱིན་བདོག
ད་ནི་ཅི་ཞིག་བཙལ་རན་པ་འདྲ
ལོ་ངོ་སྟོང་ལ་ཕྱིར་མི་ལྡོག་པའི་ལོ་ཟླའི་བཀྱིག་ཐག་བཀྲོལ་ཏེ
སེམས་ནས་ཅི་ཞིག་བཙལ་དགོས་པ་འདྲ
 
ཅི་ཡང་རྙེད་མི་སྲིད་པའི་གོ་རིམ་ཁྲོད་དུ
ཨ་མའི་རེ་སྒུག་གིས་བྱང་པའི་ལོ་ཟླ་དག
ཕ་ཡུལ་གྱི་རྒས་གཉེར་བཞིན
གྲོང་ཁྱེར་གྱི་ལྐོག་འཛུམ་བཞིན
མངོན་ལྐོག་གང་རུང་གིས་ང་ལ་རྐང་བྲོ་རྡུང་གིན་འདུག
 
སུ་ཞིག་གིས་རླུང་རྟ་སྤུར་སའི་ནམ་མཁར་འོ་ཞིག་བྱོས་དང
སུ་ཞིག་གིས་བསངས་མཆོད་འབུལ་སའི་ས་ཆེན་པོར་སྐོར་བ་ཞིག་གྱིས་དང
རྙེད་མི་སྲིད་པ་དག་འུ་ཚོས་མེད་བརླག་ཏུ་གཏོང་གིན་པ་མ་ཡིན་ནམ
 
                             རྩོམ་སྒྲིག་པ། མྱི་གསར་བ།