འཕྲལ་བྱུང་རྐྱེན་གྱི་གླུ།

    རྩོམ་པ་པོ། སྒོ་ཡོན།


འཕྲལ་བྱུང་རྐྱེན་གྱི་གླུ།
 
                   སྒོ་ཡོན།
 
ཆོས་ཉིད་དོན་གྱི་ནམ་མཁའ་ལ།།
རིག་པ་རང་བྱུང་བརྡལ་བ་ཡི།།
འགག་མེད་ངག་གི་དཀྱིལ་འཁོར་ཉིད།།
རྟོགས་དང་མ་རྟོགས་ཡེ་མ་མཆིས།།
 
ཕར་གྱི་འཇའ་འོད་སྟོང་བའི་སྐུ།།
སྣང་བའི་གཞི་ལ་ལྷུག་པོར་གྲོལ།།
ཚུར་གྱི་འགྲོ་འོང་སྒྱུ་མའི་བདག།
རང་གསལ་ཀ་དག་གནས་ལ་ཞིག།
 
གཟུང་བ་མ་དག་འཛིན་པའི་མདངས།།
བློ་ཡང་ཤེས་བྱའི་གར་མཁན་ཙམ།།
སྒྲིབ་བྲལ་ཡེ་ཤེས་མཁའ་འགྲོ་མ།།
གསང་བའི་ཁབ་ལ་གཏན་དུ་རོལ།།
 
རི་ལ་གླུ་དང་སྨུག་པ་འཁོར།།
ཆུ་ལ་ཆུ་ཡི་ཕྱག་རྒྱ་གཡོ།།
རང་ནི་མི་རྟག་ཟླ་གཟུགས་ལ།།
མཛེས་པའི་ཟླ་འོད་གསལ་ཞིང་མོག།
 
མི་འགྱུར་སྟོང་སང་འོ་མའི་ཁམས།།
རྟོག་ཚོགས་རབ་འབྱམས་ཅི་ཡང་འཕྲོ།།
ཀུན་འདུས་ཆོས་ཀྱི་ཕུང་པོ་ལ།།
ཕྱི་ནང་སྣོད་བཅུད་རྙེད་མ་ཡིན།།
 
དབྱངས་ལས་མེ་ཏོག་འཁྲུངས་པ་དང་།།
སྒྲ་ལ་རི་མོ་འབྲི་བ་གཉིས།།
ཆུ་བུར་མིག་ལ་ཐོགས་ན་ཡང་།།
དབྱིངས་ཀྱི་ངོས་ལ་མཉམ་པར་བཞད།།
 
རླུང་བུ་གར་ལ་ལྡེམ་ཤིག་ཤིག།
ཉི་ཟེར་མུན་པར་བཅིབས་པ་དག།
ཀུན་རྫོབ་རྟ་ལ་མི་ཐེག་ཀྱང་།།
ཐར་པའི་རོ་ལ་ཅི་ཡང་དགྱེས།།
 
འཁྲུལ་བའི་ཟས་ལ་ངོམས་པ་ཡི།།  
ཆགས་སྡང་དཔལ་གྱི་ང་བོ་ཆེ།།
འཁོར་བའི་ཆོ་འཕྲུལ་བསྣུབ་པ་ལ།།
གདུག་པའི་དར་དཔྱངས་ལན་ཅིག་ཕྱུངས།།
 
ཕ་རྒྱུད་དག་པ་རྩ་བྲལ་ལ།།
མ་རྒྱུད་གཟུགས་ཀྱི་ལྷ་མོ་ཨང་།།
ཁྱེའུ་ཆུང་དཔལ་གྱི་འཛུམ་བརྒྱ་པ།།
སྐད་ཅིག་དགོད་པའི་ཉམས་འགྱུར་ཙམ།།
 
ཡུན་རིང་མཆོད་པའི་རིག་བྱེད་མ།།
ཡིད་འོང་ཏིང་འཛིན་དགའ་མ་ཀྱེ།།
དོ་ནུབ་རྩ་ཁམས་གཞལ་ཡས་ཁང་།།
ངག་གི་རྟེན་དང་བརྟེན་པར་གྱུར།།

            རྩོམ་སྒྲིག་པ། མྱི་གསར་བ།