ལྷ་ལས་ཕུལ་བྱུང་།

    སརྦ་ཛྙཱ་དེ་ཝ་དང་ལོ་ཙཱ་བ་བནྡེ་རིན་ཆེན་མཆོག་གིས་བསྒྱུར།

སློབ་དཔོན་བདེ་བྱེད་བདག་པོ་ནི་མཐོ་བཙུན་གྲུབ་རྗེའི་སྐུ་མཆེད་ཡིན་ལ། ཕྱི་རོལ་བའི་རིག་གཞུང་མཐའ་དག་ལ་ནང་བྱན་ཆུབ་ཅིང་དབང་ཕྱུག་ཆེན་པོ་ལ་མཆོག་ཏུ་དད། སྐུ་མཆེད་གཉིས་ཀྱིས་ལྷ་དབང་ཕྱུག་ཆེན་པོ་མངོན་སུམ་དུ་མ་གྱུར་བར་དགེ་བའི་རྩ་བ་ཅུང་ཟད་ཀྱང་མི་བྱེད་པར་དམ་བཅས་ཏེ་རི་བོ་ཏི་སེར་ཕེབས། དེར་དགྲ་བཅོམ་པ་དག་དང་མཇལ་བས་བཅོན་ལྡན་འདས་ལ་ལྷག་པར་དད་པ་ཐོབ་སྟེ་ནང་བའི་གྲུབ་མཐར་ཞུགས། སྐབས་དེར་སློབ་དཔོན་ཁོང་གིས་བཅོམ་ལྡན་འདས་ལ་ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་སྙན་ངག་འདི་བྲིས་ཤིང་། མཐོ་བཙུན་གྲུབ་རྗེས་ཁྱད་པར་དུ་འཕགས་པའི་བསྟོད་པ་བརྩམས་པར་མཛད། 



རྒྱ་གར་སྐད་དུ། དེ་ཝ་ཨ་ཏི་ཤ་ཡ་སྟོ་ཏྲཿ།
བོད་སྐད་དུ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ། 

 

དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།།


 

བཅོམ་ལྡན་བདེ་གཤེགས་མངོན་སུམ་མ་གྱུར་ཁྱབ་འཇུག་མིན།།

ཚང་པ་མ་ཡིན་ལྷ་ཆེན་པོ་ཡང་མ་མཐོང་སྟེ།།

དེ་དག་གི་གཟུགས་མཐུ་དང་སྤྱོད་པ་བསམ་པ་རྣམས།།

ཐོས་ནས་སུ་ལ་ཡོན་ཏན་ཡོད་དམ་མེད་པ་དཔྱད།།

 

ཁྱབ་འཇུག་དཔུང་དྲག་མཚོན་ཆ་དབྱུག་ཏོ་ཐོགས་པར་བརྩོན།།

ལྷ་ཆེན་མི་ཡི་ཐོད་པའི་ཕྲེང་བ་རྣམས་ཀྱིས་བརྒྱན།།

སངས་རྒྱས་ཆ་ལུགས་གཅིག་ཏུ་ཞི་བའི་ཕུལ་ཕྱིན་ན།།

ཉེ་བར་ཞི་དང་མ་ཞི་གང་ལ་མཆོད་པར་བྱ།།

 

ཁྱབ་འཇུག་གིས་ནི་འཐབ་དཀའ་ལ་སོགས་རིགས་རྣམས་བརླག་པར་གྱུར།།

ལྷ་ཆེན་པོས་ནི་གྲོང་ཁྱེར་སུམ་བརྩེགས་བཅོམ་པར་གྱུར་ཞེས་གྲགས།།

སྐེམ་བྱེད་ཀྱིས་ཀྱང་མདུང་ཐུང་འཇེབས་བསྣུན་ཀྲུང་ཀྲུང་བསད་པར་གྱུར།།

སངས་རྒྱས་ཉག་གཅིག་འགྲོ་ལ་སྨན་པ་ཐམས་ཅད་མཛད་པ་ལགས།།

 

ང་ཡིས་འདི་ལ་གནོད་བྱ་འདི་ཉིད་བསྲུང་བྱ་འདི།།

གསད་བྱ་ཞེས་པ་ལྷ་ཡི་མཆོག་གི་གཞུང་ལུགས་ཡིན།།

སངས་རྒྱས་ལ་ནི་དགྲ་དང་མཛའ་བཤེས་མི་མངའ་བར།།

ངེས་པར་ལེགས་དང་མངོན་པར་མཐོ་བས་ཕན་འདོགས་མཛད།།

 

ཁྱབ་འཇུག་ཚིག་ནི་འདོད་ཆགས་ལ་སོགས་སྐྱོན་རྣམས་བསྐྱེད།།

ལྷ་ཆེན་པོ་ཡི་བྱེད་སྤྱོད་གང་ཡིན་སྨྱོན་པ་བཞིན།།

དེ་བཞིན་གཤེགས་པ་ཉེས་པ་མ་ལུས་སེལ་མཛད་ན།།

སུ་ཞིག་སྟོན་པ་ཆེན་པོར་འོས་པ་དཔྱད་པར་གྱིས།།

 

གང་ཞིག་བརྩེ་མེད་གཞན་ལ་གནོད་པར་བརྩོན་པ་དང་།།

གང་ལ་འགྲོ་བ་དག་ནི་སྐྱབས་སུ་སོང་གྱུར་པ།།

འདོད་ཆགས་བཅས་དང་གང་ཞིག་འདོད་ཆགས་རྣམས་བྲལ་བ།།

དེ་ལས་གང་ཞིག་འདི་ན་མཆོད་བྱ་སོམས་ཏེ་སྨྲོས།།

 

བརྒྱ་བྱིན་རྡོ་རྗེ་ཐོགས་ཤིང་སྟོབས་ཅན་གཤོལ་ཐོགས་ཁྱབས་འཇུག་འཁོར་ལོའི་མཚོན་ཐོགས་དང་།།

སྐེམ་བྱེད་མདུང་ཐུང་ཐོགས་ཤིང་ལྷ་ཆེན་རྩེ་གསུམ་མཚོན་ཐོགས་དུར་ཁྲོད་གནས་གྱུར་པ།།

དེ་དག་བྱིས་པ་སྙིང་བརྩེ་མེད་པ་སྣ་ཚོགས་མཚོན་ཐོགས་སྡུག་བསྔལ་འཇིགས་པས་ཉེན།།

རྟག་ཏུ་སྲོག་ཆགས་འཇོམས་པར་བརྩོན་པ་དེ་ལ་མཁས་པ་སུ་ཞིག་འདུད་པར་བྱེད།།

 

གང་ཞིག་རྩེ་གསུམ་མི་བསྣམས་ཆགས་བཅས་མཆན་ན་ཆུང་མ་མེད།།

འཁོར་ལོ་མདུང་ཐུང་དང་ནི་རྡོ་རྗེ་དྲག་པོ་དང་ནི་གཤོལ་མི་བསྣམས།།

ཉོན་མོངས་རྣམ་གྲོལ་མཁས་པ་གཞན་ལ་ཕན་འདོགས་རྣམ་པར་བརྩོན།།

འཇིག་རྟེན་མཉམ་མེད་སྐྱབས་གྱུར་དྲང་སྲོང་དེ་ལ་འདིར་ནི་སྐྱབས་སུ་མཆི།།

 

ལྷ་ཆེན་འདོད་ཆགས་དབང་གྱུར་ངོ་ཚ་སྤངས་ཤིང་ཅོ་འདྲི་ཆུང་མ་ལེན་པར་བྱེད།།

ཁྱབ་འཇུག་ལྷག་པར་གཏུམ་ཞིང་བྱས་པ་ཆུད་གཟོན་སྐེམ་བྱེད་རང་གི་གཉེན་ཡང་གསོད།།

དཀའ་བཟློག་ཁྲོ་ཞིང་མ་ཧེ་གསོད་བྱེད་མ་མོ་རྣམས་ནི་མི་ཤ་ཚིལ་ཟ།།

ལོག་འདྲེན་ཆང་དད་ཆེ་ཡི་སྟོབས་བཅུ་ལྡན་ལ་ཉེས་པ་ཆུང་ངུའང་འགའ་མི་མངའ།།

 

བཅོན་ལྡན་དེ་ནི་བདག་གི་གཉེན་མིན་མུ་སྟེགས་གཞན་དག་དགྲ་མ་ཡིན།།

དེ་དག་གི་སྤྱོད་གཞན་ཡང་མངོན་སུམ་གྱུར་པར་མ་མཐོང་སྟེ།།

ཚིག་དང་སྤྱོད་པ་དག་གིས་སོ་སོའི་ཁྱད་པར་ཐོས་པ་ལས།།

སངས་རྒྱས་ཡོན་ཏན་ཕུལ་ཏུ་ཕྱིན་ལ་དད་ཕྱིར་བདག་རྟེན་ལགས།།

 

བདེ་བར་གཤེགས་པ་བསག་གི་ཕ་མིན་མུ་སྟེགས་གཞན་དག་དགྲ་མ་ཡིན།།

བདེ་བར་གཤེགས་པས་བདག་ནོར་མ་བསྩལ་གཟེགས་ཟན་སོགས་ཀྱིས་ཅང་མ་ཕྲོགས།།

འོན་ཀྱང་སངས་རྒྱས་བཅོན་ལྡན་དེ་ནི་གཅིག་ཏུ་འགྲོ་ལ་སྨན་མཛད་གསུངས།།

དྲི་མེད་དྲི་མ་ཐམས་ཅད་སེལ་བ་གང་ཡིན་དེ་ལ་བདག་དད་ལགས།།

 

གང་ཞིག་རྟག་ཏུ་ཕན་དགྱེས་རྒྱུན་དུ་འགྲོ་ལ་ཕན་འདོགས་མཛད།།

གང་ཞིག་འགྲོ་བ་སྡུག་བསྔལ་རྣམ་མང་གདུངས་པ་བདེ་མཛད་དང་།།

གང་ཞིག་ཤེས་བྱ་མཐའ་དག་ལག་མཐིལ་བཞིན་དུ་གསལ་མཁྱེན་པ།།

དྲང་སྲོང་མཉམ་མེད་རྒྱུ་མངའ་དེ་ལ་གློ་བ་དད་པར་གྱུར།།

 

སྙིང་ནས་དད་དམ་ཇི་ལྟར་དགའ་བ་དང་།།

ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང་།།

གང་ཞིག་ཐུབ་དབང་ཟླ་བ་དེར་ཕྱག་བྱེད།།

དེས་ནི་ལྷ་ཡི་བདེ་བ་ཕུན་ཚོགས་ཐོབ།།

 

གནའ་སྔོན་ཁྱབ་འཇུག་འདི་ཡིས་འཇིག་རྟེན་སྐྱེ་རྒ་ན་འཆིའི་དབང་གྱུར་ཐོབ་ནས་སུ།།

མི་རྣམས་བསྐྱབ་ཕྱིར་རྨད་བྱུང་བློ་ཡིས་སྙིང་བརྩེ་བརྩོན་པས་ཤཱཀྱའི་རིགས་རྒྱས་པར།།

གཽ་ཏ་མར་འཁྲུངས་ས་སྟེངས་འཇིག་རྟེན་འདིར་ནི་སངས་རྒྱས་གྱུར་པར་གྲག་ཅེས་ཐོས།།

སྐྱེ་བོ་ཉོན་མོངས་བླུན་ཞིང་རྨོངས་པས་སྟོན་པ་ཕན་འདོགས་ལགས་པར་མ་འཚལ་གྲང་།།

 

གང་ཚེ་འདོད་ཆགས་ཞེ་སྡང་གིས་ནི་ལྷ་མིན་ཁྱིམ་ནས་རིན་ཆེན་ཕྲོགས་པ་དང་།།

ཆགས་པའི་བློ་གྲོས་ཀྱིས་ནི་ངན་གཡོ་བྱས་ནས་ས་དག་ཕྲོགས་པར་གྱུར་ཀྱང་ནི།།

དེ་ཚེ་ཁྱབ་འཇུག་མ་གྲོལ་བཞིན་དུ་སྐྱེ་བོ་བླུན་པོ་རྣམས་ནི་མཆོད་ཕྱག་འཚལ།།

སངས་རྒྱས་ངེས་པར་རྣམ་གྲོལ་གྱུར་ཀྱང་སྐྱེ་བོ་ཕལ་ཆེར་རྨོངས་པས་ཕྱག་མི་བྱེད།།

 

ས་འདི་རྒྱ་མཚོ་བཞི་ཡི་སྐ་རགས་གཏམས་པའི་ལྗིད་ཀྱིས་ནི།།

ལྕི་ལྕི་ལྟར་འདུག་ཁྱབ་འཇུག་བྱིན་ཡང་སྟོབས་ཆེན་སྡུག་བསྔལ་གནས་སྐབས་གྱུར།།

ཐུབ་པ་ལ་ནི་རྡུལ་ཙམ་ཕུལ་ནས་རྒྱལ་པོ་མྱ་ངན་མེད་པ་ཡིས།།

ཟླ་བའི་དཀྱིལ་འཁོར་དཔལ་གྱི་འོད་ཟེར་གོས་ཅན་ས་སྟེངས་མཐའ་དག་ཐོབ།།

 

བདག་ནི་སངས་རྒྱས་ཕྱོགས་མི་འཛིན།།

སེར་སྐྱ་སོགས་ལ་མི་སྡང་ཡང་།།

གང་ཞིག་རིགས་པར་ལྡན་པའི་ཚིག།

དེ་ཉིད་སྟོན་པར་ཡོངས་སུ་འཛིན།།

 

འདི་ལྟར་སུ་ཡང་རུང་སྟེ་ངེས་པར་ཀུན་མཁྱེན་དང་།།

འགྲོ་ལ་གཅིག་ཏུ་ཕན་འདོགས་མཛད་པའི་ལུགས་ཆེ་བ།།

དེ་དག་བློ་གྲོས་ཞིབ་མོའི་མིག་གིས་བཙལ་ནས་སུ།།

བསྟེན་པར་བྱ་ཡི་གཞན་དག་མཁས་ལ་ཅི་ཞིག་མཁོ།།

 

གང་ལ་སྐྱོན་ཀུན་ཡོད་མིན་ལ།།

ཡོན་ཏན་ཐམས་ཅད་ཡོད་གྱུར་ན།།

ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ།།

དེ་ཡང་བདག་གི་སྟོན་པ་ཡིན།།

 

གང་ལ་སྐྱོན་ནི་མི་མངའ་ཞིང་།།

ཡོན་ཏན་དཔག་མེད་མངའ་བ་དང་།།

ཐམས་ཅད་མཁྱེན་དང་ཐུགས་རྗེ་ཅན།།

དེ་ལ་བདག་ནི་སྐྱབས་སུ་མཆི།།

 

པདྨ་ཁ་ཕྱེ་རྒྱས་པའི་འདབ་ལྟར་དཀྱུས་རིང་སྤྱན་མངའ་བ།།

བསྟོད་པའི་ཆུ་ཀླུང་སྟོང་གིས་རྒྱ་མཚོ་དེ་ལྟར་བསྟོད་བགྱིས་པ།།

བདག་གི་ཚིག་གིས་བསྐྲུན་པའི་དགེ་བ་ཅུང་ཟད་ཅི་མཆིས་པ།།

དེས་ནི་སེམས་ཅན་ཐམས་ཅད་བདེ་བ་དག་དང་ལྡན་གྱུར་ཅིག།

 

ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་སློབ་དཔོན་བདེ་བྱེད་བདག་པོས་མཛད་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང་། ལོ་ཙཱ་བ་བནྡེ་རིན་ཆེན་མཆོག་གིས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་ཞུས་ཏེ་གཏན་ལ་ཕབ་པའོ།། །།
                                
རྩོམ་སྒྲིག་པ། མྱི་གསར་བ།