ཨ་ཅང་ཀུ་རེ་ཙམ་དུ།

    རྡོ་གྲུབ་བསྟན་པའི་ཉི་མས་གསུངས།


རྡོ་གྲུབ་བསྟན་པའི་ཉི་མའི་སྙན་རྩོམ། 
ཞར་བཀོད་གཉིས་ཡོད།

                རྡོ་གྲུབ་བསྟན་པའི་ཉི་མས་གསུངས།


 

རྩྭ་སྐྱ་ཁ་བས་གཡོགས་པའི་གསང་སྟོང་ན།།

ཕོ་རོག་ལྷགས་རླུང་འགམ་པ་ཡི་རེ་འཕྱ།།

བྱིན་ཆགས་ཐང་ཤིང་ཕྱུག་མོའི་ནགས་ཁྲོད་ན།།

ཁྭ་ཏས་ཉི་ཤིག་འཐུ་བ་བག་རེ་དྲོ།།

འཐབ་འཐབ་ལྕག་རྒྱུན་ཁྱི་ཁར་མ་ཟད་པར།།

བརྡུང་བརྡུང་ལྕག་ཡུ་ཁྱི་མགོས་མ་བཅག་པར།།

སུན་མེད་འབྲོག་སྡེའི་རི་སྒོ་ཉུལ་ན་ཡང་།།

ལྟོ་ཕྱིར་གཞན་མིག་ཁྲེལ་བ་སྙིང་པོ་ཟད།།

བེརྒ་སྔོན་དུ་བཏང་ནས་ཁུག་སྟོང་མཆན།།

བསོད་ཆུང་སྤྲང་ཟས་གཅིག་ལ་ཁྱི་རུབ་བརྒྱ།།

ད་དུང་རྒྱུག་རྒྱུག་སོང་སོང་སྒྲས་འདེད་པའི།།

ལས་ངན་སྤྲང་པོའི་ལས་ལ་སྣང་བ་སྐྱོ།།

ཟས་ལ་གཙང་སྨེ་མེད་པའི་བག་ཡངས་པོ།།

གང་བྱུང་དེ་གར་ཟ་བས་རྩོལ་སྒྲུབ་སླ།།

ཅི་སྣང་ཟས་སུ་ཟ་བས་སེམས་ཁྲལ་ཆུང་།།

བློ་མེད་རྒྱུན་ཆད་མེད་དོ་ཁྭ་ཏའི་བུ།།

རྡོར་འདེབས་གཡོས་སྐོལ་ཐབས་ལྡན་མི་ཡིས་བྱེད།།

ཆུ་ཐབ་ཁོལ་བོ་མི་དགོས་སྐྱིད་ཅིག་ཡོད།།

དཀོན་ཟས་དུས་ཁྲལ་དབྱར་གྱི་རྒྱལ་མོས་སྤྲོད།།

དཀའ་ཚེགས་རྙེད་ཚོལ་མི་དགོས་སྐྱིད་ཅིག་ཡོད།།

བྱུང་ཁུངས་མི་ཟས་བཟང་དགུའི་ཆོ་རིགས་བཙུན།།

བྱེད་ལས་འདི་མེད་འཛམ་གླིང་ལོ་ཏོག་མེད།།

ངོ་བོ་ཚ་བཅུད་ཁ་བསྐའི་རོ་བཅུད་རྫོགས།།

དོན་རྩ་རང་ལ་ཞིམ་ན་ཞིམ་པར་ཟད།།

སྦྲ་སྒོ་ལྕག་སྣས་ཕྱེ་ཞིང་ལྟ་བ་དང་།།

ཆེན་པོའི་མཚན་སྙན་བསྒྲགས་ནས་འབོད་པ་སོགས།།

སློང་ཐུབ་ལྡོམ་བུ་མང་པོས་ཐོབ་དཀའ་བའི།།

ཞིམ་དགུའི་བཟའ་བ་ཐང་མར་བརྡལ་བ་ཡང་།།

ཨོ་ཀོ་ཨོ་ཝ་ལ་སོགས་སཾ་སྐྲིཏའི།།

གསང་སྔགས་ཡི་གེའི་ཕྲེང་བ་བཟློ་བཞིན་དུ།།

ལྗན་ལྗིན་ཕྱི་སའི་རྫབ་ཆགས་རྡོ་རྗེའི་མཆུས།།

དུད་ཅིང་དཀྲུགས་པའི་བྱིན་རླབས་བྱས་མ་ཐག །

འཛིན་པའི་རྒྱ་བཤིག་གཅེས་པའི་འཆིང་ཐག་བྲལ།།

སེར་སྣའི་སྒྲོག་བཅད་བདག་པོའི་ལག་བསྒུལ་ནས།།

རྣམ་པ་རྫས་བདག་ཁྲོས་པའི་བསྡིགས་རྔམ་སྟེ།།

མདོ་དོན་ཁྭ་ཏ་རང་ལྟོ་འཚེང་བ་འབྱུང་།།

གོང་མའི་ངོ་བསྲུང་མི་འགྲུབ་མ་བྱིན་རུང་།།

ཕ་གཞིས་ཤོར་ན་ཕང་བ་གཞི་ན་མེད།།

མཐོན་པོའི་ཞལ་ངོ་མི་འཚོ་མ་མཉེས་རུང་།།

རང་ཤོག་ནགས་སྦུགས་རྒྱལ་ཁམས་ཀུན་ན་ཡོད།།

བཙན་པོའི་ཞབས་ཏོག་མི་འོང་མ་བཞག་རུང་།།

འཕུར་ཆོག་གཤོག་པའི་གདེང་ཚད་བརྟན་པོ་ཡོད།།

ཕྱུག་པོའི་ངོ་བསྲུང་མི་འགྲུབ་མ་བྱིན་རུང་།།

ཟ་ཞིང་སོ་ནམས་སྟོང་ཁམས་སྡེ་བས་བྱེད།།

སོ་ནམས་ལས་གླ་མི་ཐིང་མ་བྲ་ན།།

སྐྱག་པ་ཁྱིམ་དུ་བསྡུས་ལ་ཁ་རྒྱ་ཞོག།

ཡང་ན་དེ་ཡང་མི་བྲ་ཟུངས་ལ་སྡོད།།

རུལ་བའི་ཁྱི་རོ་ཟོས་ཀྱང་མི་བརྒྱགས་ཏེ།།

ནེ་ཙོ་ཅོར་ལི་གཟུགས་དང་ཁས་ཕུང་པར།།

མཐོང་བས་གཡོན་ཅན་མི་ཡི་རྒྱུས་ཤེས་ནས།།

མི་སྤྱོད་མི་བསྟུན་རྣ་བ་གཅེར་སྐད་དང་།།

མི་སྡུག་སྤུ་ལོང་སྟོན་པས་མིས་མི་འཛིན།།

མ་བཟུང་ཕ་ཡུལ་ནགས་ཀྱི་ས་མི་འཆོར།།

མ་ཤོར་རིགས་མཐུན་འདབ་ཆགས་ཁྱུ་མི་འཇིག །

མ་ཞིག་ཡིད་གཅུགས་བཟའ་ཚོའི་སྡེབ་མི་འཐོར།།

མ་འཐོར་འགྲོགས་ཡུན་རིང་བས་ལོ་བཞིན་དགའ།།

ཕར་འགྲོ་དཔའ་སྙིང་ཆེ་བའི་རྡོག་པ་བརྟན།།

གཟན་ལེན་བྱ་བརྒྱའི་ནང་ནས་ཐོབ་སྐལ་མནོག །

ཚུར་རྒོལ་ཁོང་ཟོན་རྣོ་བས་གླགས་རྙེད་དཀའ།།

བྱ་བརྒྱ་ཇག་ཉེས་བྱུང་ཡང་རང་མགོ་ཐོན།།

མི་སེམས་གཡེངས་དང་མང་སྣང་འུར་བ་སོགས།།

གཞན་བློའི་གླགས་ཤེས་ལས་ཀྱི་དུས་ཤེས་ཤིང་།།

རྐུ་ན་གབ་མཁས་འཕྲོགས་ན་འཇབ་མཁས་པའི།།

རྣམ་དཔྱོད་རང་རྣ་དྲོ་བ་ཁྭ་ལ་ཡོད།།

མི་དགོས་གཟུགས་ལྡེམ་ངག་སྙན་སྒྲོས་མི་བཏོད།།

ཤུགས་འབྱུང་ལྷུག་པར་སྡོད་པས་རང་བཞིན་དྲང་།།

དགོས་ངེས་རང་དོན་སྒྲུབ་ལ་བློ་རྩེ་འཁྱུག །

འཛུར་དང་སྐོར་བའི་ཐབས་མཁས་སྨྱུག་ལྟར་ལྡེམ།།

སྲེད་ལྡན་ཡིད་ཀྱི་སྐོམ་པ་མི་སེལ་བཞིན།།

ངལ་མེད་ཅ་ཅོ་ཟེར་བའི་རོལ་མོའི་ཤིང་།།

ངོ་ཚ་སྤངས་པ་དེ་དག་ལྷ་ཡུལ་ན།།

ད་དུང་རང་གི་རྒྱགས་པ་ཉིན་བཞིན་འཕེལ།།

འཕྲལ་དཀའ་སྣང་བ་འབྲིད་པའི་པི་ཝཾ་དང་།།

ཟོལ་མེད་རྒན་ཇམས་ཆགས་པ་ཁྭ་ཏའི་སྐད།།

མགོ་ཡང་བྱིས་པའི་རྣ་བར་སྔ་མ་སྟེ།།

ཡུལ་གྱི་ཉེས་དམིགས་རིག་པ་ཕྱི་མ་འཐད།།

དེ་ཕྱིར་ཁྭ་ཏ་ཡོག་མགོས་འདེད་མི་དགོས།།

བཟླས་ཚིག་ཡི་གེ་དྲུག་མ་ཡོད་བཞིན་དུ།།

དོན་མེད་འཆལ་གཏམ་སྨྲ་ལ་དགའ་བའི་ཁ།།

བསྲུང་ན་ཡོག་མགོ་ཟུངས་ལ་འདི་གཅིག་སྲུངས།།

ཡ་གི་སྐྱེ་མཆེད་མུ་བཞིའི་གདུགས་རྩེ་ནས།།

མ་གི་མནར་མེད་དམྱལ་བའི་གདན་མཐའ་ཡན།།

འཁོར་བ་སྡུག་བསྔལ་ཕུང་པོའི་རང་བཞིན་ཏེ།།

སྐྱག་ཟན་ཁྭ་ཏའི་ལུས་ལ་སྨོན་རྒྱུ་ཅི།།

འོན་ཀྱང་དགོས་ངེས་འཇིག་རྟེན་ཕྱི་མའི་རྒྱགས།།

རང་སྐལ་སེན་རྩེ་གང་ཡང་མི་འཁྱེར་བར།།

དོན་ཆུང་འཇིག་རྟེན་ཚེ་འདིའི་འཚོ་ཐབས་ལ།།

དཔའ་རྒོད་སུ་ལྷག་བལྟ་བས་ཆོག་སྙམ་པ།།

རང་དང་གཞན་གྱི་ཁྲོད་ན་མང་མཐོང་ཞིང་།།

དེ་ལྟར་བྱས་ན་ནག་ཆུང་ཡོག་མགོ་ཡང་།།

སྤྱང་གྲུང་སྐྱེས་བུའི་མཐུ་རྩལ་མི་དམན་པར།།

རིག་ནས་འཇིགས་མེད་གདོལ་བ་དེ་ཡིས་བྲིས།།

ཧ་ཧ་ཧ། དགེའོ།། དགེའོ།། དགེའོ།། 

 

༈ སྤྱན་རས་གཟིགས་ཀྱི་བསྟོད་པ་བཞུགས་སོ།།
 

ཕུན་ཚོགས་ཆོས་དབྱིངས་སྒེག་མོའི་བཞིན་ལ་སོ་སོར་རྟོག་པའི་ཡེ་ཤེས་སྤྱན།།

རོལ་པས་དགའ་ལྡན་འཇིག་རྟེན་གསུམ་ན་སྙིང་རྗེའི་གདུགས་དཀར་གཅིག་འཛིན་པ།།

སྤྱན་རས་གཟིགས་ཞེས་གྲགས་པའི་བ་དན་ཕྱོགས་ཀྱི་ཕོ་ཉས་བསྒྲེང་བ་གང་།།

འུར་འུར་གནས་སུ་གཟུགས་བརྙན་ཟོལ་གྱིས་གཞན་ཕན་བདུད་རྩི་སྤྲོ་ལ་འདུད།།
 

ཁྱོད་ཞལ་མཐོང་བ་གཅིག་པུ་ཡིས།།

ལུས་ཅན་དགེ་བ་རབ་རྒྱས་བྱེད།།

པདྨ་དགའ་བའི་མིག་འབྱེད་པ།།

ཉིན་བྱེད་མཐོང་བ་གཅིག་པོས་ནུས།།
 

བསྐལ་པ་སྙིགས་མའི་ཆུ་གཏེར་ཟབ་ཡངས་སྡུག་བསྔལ་ཀློང་འཁོར་འཁྲུགས་པའི་དབུས།།

འགལ་མེའི་འཁོར་ལོའི་སྤུན་ཟླར་རབ་གཡོ་ལུས་ཅན་ཉམ་ཐག་བརྒྱ་སྟོང་སྙེད།།

སྙན་གྲགས་ཐག་པས་རིང་ནས་ཉེར་དྲངས་ཟླ་ཞལ་མཐོང་བས་མངོན་བསྐྱེད་པའི།།

དང་སེམས་དགེ་བའི་ཟམ་པ་ལ་འཛེགས་བདེ་བར་དབུགས་འབྱིན་མཛད་ལ་འདུད།།
 

མཚན་མོའི་སྨྱོས་ཆུ་བཏུང་བའི་ནམ་མཁའ་ནི།།

བདུད་རྩིའི་ཐིག་ལེ་གཅིག་པུས་མགོན་དང་བཅས།།

སྙོགས་བརྒྱའི་ཁུར་གྱིས་ངལ་བའི་ཡུལ་ལྗོངས་འདི།།

སྐལ་བཟང་བགྱིས་པའི་མགོན་ནི་ཁྱོད་གཅིག་ལགས།།
 

དེ་སླད་ས་ཕྱོགས་རྡོ་རྗེར་རབ་སྒྲུབ་པདྨའི་ཞབས་ཟུང་བརྟན་པར་བཞུགས།།

ཕྱོགས་རྣམས་མཐའ་དག་འཛུམ་ཞལ་འོད་ཀྱིས་དཀར་པོར་མཛོད་ཅིག་རྒྱལ་བའི་ཚོགས།།

རྡོ་རྗེ་ཐལ་མོའི་ཕྱག་རྒྱས་ཉེར་བསྐུལ་ཕན་བདེའི་རྒྱུན་བཟང་མི་ཟད་སྩོལ།།

བདག་ཀྱང་ཟླ་བས་ཀུ་མུ་ཏ་བཞིན་བྱིན་རླབས་སྣང་བས་རྗེས་འཛིན་མཛོད།།
 

ཕྱོགས་འདི་སྡུག་བསྔལ་ཆུ་ཡིས་ཁེབས།།

གདུལ་བྱའི་མེ་ཏོག་རབ་ཏུ་མང་།།

བརྩེ་ཆེན་ངང་པའི་རྒྱལ་པོ་ཁྱོད།།

འདི་ལ་གཟིགས་ཤིང་བརྟན་པར་བཞུགས།།
 

ཁྱོད་ཀྱི་སྨོན་ལམ་རྔ་སྒྲ་གསལ་པོས་སྦྱིན་སྐྱེས་རྒྱལ་མཚན་བསྙིལ་བར་མཛོད།།

འཇིག་རྟེན་རྨོངས་པ་གཉིད་སད་གྱུར་ཅིག་དགེ་བའི་དུས་སྟོན་ཆེར་རྒྱས་ཤོག།

སྐྱེ་དགུ་ཡིག་དྲུག་རྒྱུད་མངས་ལེན་གྱུར་ཀུན་དགའི་གླུ་གར་མང་བར་ཤོག།

གྲུ་འཛིན་འཇིག་རྟེན་ལམ་པོ་ཆེར་གྱུར་རྒྱལ་སྲས་དཀྱིལ་འཁོར་འཕེལ་བར་ཤོག།
 

དར་དཀར་སྤྲིན་མཛེས་བྱུ་རུའི་གློག་དམར་གཡོ།།

ཞུ་འཕྲིན་དབྱར་རྔའི་སྒྲ་ཡིས་བརྒྱན་པ་འདིས།།

རྗེ་བཙུན་ཏི་སེའི་རི་དབང་ཁྱོད་མཆོད་པས།།

ཕན་བདེའི་ཆུ་བོ་རྟག་ཏུ་རྒྱས་གྱུར་ཅིག།

རྡོ་སྟོད་ཀྱི་སའི་ཆ་དཔལ་བརྩེགས་བདེ་འབྱུང་གི་རི་བོའི་ངོས་ནས། འཕགས་མཆོག་གང་གི་བཀའ་དྲིན་ཁོ་ན་ལ་རེ་ལྟོས་འཆའ་བའི་འབངས་ཀྱི་ཐ་ཤལ་ཙམ་དུ་གཏོགས་པ་འཇིགས་མེད་བསྟན་པའི་ཉི་མས་ཕུལ་བ་དགེའོ།།
 

ཨ་ཅང་ཀུ་རེ་ཙམ་དུ།

ཐ་མལ་གྱི་ཤེས་པ་ཟང་ཐལ་ཡེ་གྲོལ་ལ་ལྟོས་དང་།།
ཡིད་ཀྱི་དབང་པོ་ཚིག་དང་ཡི་གེར་བརྗོད་དུ་མེད་པ་ནམ་འཁའ་ལ་མདུང་བསྐོར་བས་འབིག་རྒྱུ་མེད་པ་ལྟར་འདུག་གོ།

བཅོས་བསླད་དང་བྲལ་བ་གཉུག་མའི་ཡེ་ཤེས་ལ་ལྟོས་དང་།།
མ་དག་ལས་རླུང་གི་རྒྱུ་བ་བ་ཆ་དང་བཅས་པས་བསྒྲིགས་ཀྱང་མ་གོས་པ་ཉི་མའི་སྤྲིན་གྱིས་བསྒྲིབས་ཀྱང་རང་ངོར་བསླད་པ་མེད་པ་ལྟར་འདུག་གོ།

རང་གྲོལ་ལ་རྒྱུན་ཆད་མེད་པའི་སྒོམ་པ་ལྟོས་དང་།།
རྣམ་རྟོག་གི་འཁྲུལ་འཁོར་ཇི་ལྟར་འཁྲུགས་ཀྱང་རང་ངོ་ལ་སྐྱོན་མི་འཇུག་པ་པདྨོ་ལ་ཆུས་མ་གོས་པ་ལྟར་འདུག་གོ།

ཀུན་ཁྱབ་ཆོ་འཕྲུལ་སྣ་ཚོགས་དང་ལྡན་པའི་རང་རིགས་ལ་ལྟོས་དང་།།
ཡུལ་སྣང་ཇི་ལྟར་ཤར་ཀྱང་རང་གི་གྲོགས་སུ་ཆེ་བ་རླུང་ཇི་ལྟར་འཁྲུགས་ཀྱང་མེ་ཆེན་པོ་ལྷག་པར་འབར་བ་ལྟར་འདུག་གོ།

ཀུན་སྣང་འོད་གསལ་གྱི་རང་གདངས་འགག་མེད་ཀྱི་འཆར་ཚུལ་ལ་ལྟོས་དང་།།
བདེན་པར་མེད་བཞིན་ཏུ་སྐུ་དང་ཐིག་ལེའི་སྣང་ཅིར་ཡང་འཆར་བ་འཇའ་ཚོན་ནམ་མཁའ་ལ་བཀྲ་བ་ལྟར་འདུག་གོ།

གཞི་གྲོལ་གྱི་ཡེ་ཤེས་མཁའ་མཉམ་ཡངས་པ་ལ་ལྟོས་དང་།།
རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ཤིན་ཏུ་ཚད་མེད་པའི་ནམ་མཁའ་དང་སའི་ཀློང་ལྟར་འདུག་གོ།

ཡེ་གནས་ཀྱི་ཆོས་སྐུ་ཕྱམ་གདལ་ཆེན་པོ་ལ་ལྟོས་དང་།།
འཁྲུལ་བ་དང་གྲོལ་བ་ཐམས་ཅད་རང་གི་ངང་ལས་མ་གཡོས་པ་རླབས་ཇི་ལྟར་བྱུང་ཡང་རྒྱ་མཚོ་ཆེན་པོ་ལས་གཡོ་བ་མེད་པ་ལྟར་འདུག་གོ།

ཀུན་བྱེད་ཀྱི་སྟོན་པ་འཕོ་མེད་སྤྲོས་བྲལ་ལ་ལྟོས་དང་།།
ངོ་བོ་བ་ལ་དྲི་མེད་ཀྱང་དྲི་མར་རང་རྩལ་དུ་ཤར་བ་ནམ་མཁའ་ལ་སྤྲིན་གྱིས་བསྒྲིབས་ཀྱང་སྤྲིན་རང་གི་ངང་ལས་བྱུང་བ་ལྲར་འདུག་གོ།

ཧ་ཧ། མ་བཅོས་པའི་ཆོས་ཉིད། མ་འཁྲུལ་པའི་གནས་ལུགས། མི་རྟོགས་པའི་ཡེ་ཤེས། མ་ཡེངས་པའི་དྲན་པ། མ་མཐོང་བའི་མཐོང་བ། མི་བསྒོམ་པའི་བསྒོམ་པ། ཡུལ་དང་ཡུལ་ཅན་ཐམས་ཅད་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་འདུག་གོ།

ཚིག་ལས་འདས་པའི་དོན་དམ། ཡིད་ལས་འདས་པའི་ཤེས་རབ། མཐའ་ལས་འདས་པའི་འོད་གསལ། ནམ་མཁའ་དྭངས་པའི་དཀྱིལ་ལྟར་འདུག་གོ།། གཟའ་གཏད་མེད་པའི་ཉམས་མྱོང་། ཆེད་འཛིན་མེད་པའི་མཉམ་བཞག། གཟུང་འཛིན་མེད་པའི་ཡེ་ཤེས། རྩིས་གདབ་མེད་པའི་རྗེས་ཐོབ། རྒྱུན་ཆད་མེད་པའི་རྣམ་འབྱོར། བར་མེད་ཆུ་བོའི་རྒྱུན་ལྟར་འདུག་གོ། 

སྤྲོས་མེད་ལ་སྤྲོས་པར་འཛིན་པ་མཚར་ཆེ། བློ་བྲལ་རྟོག་གེས་འཇབ་བ་དགོད་བྲོ། གཉིས་མེད་ལ་གཉིས་སུ་འཛིན་པ་རེ་སྡུག དག་དབྱིངས་ལ་ཕོ་ཚོད་བྱེད་པ་ཐང་ཆད། བརྗོད་མེད་ལ་བརྗོད་བྱར་རེ་བ་ཡི་མུག། ཨ་ཅང་ཀུ་རེ་ཙམ་དུ་འུད་གོག་རྔམ་པོ་ཆེ་བསྒྲགས་པ་ཡིན།  
 གཞོན་ནུ་འཇིགས་མེད་གང་ཤར་རང་གྲོལ་གྱིས་ཤར་མར་བྲིས།།

 
                                              རྩོམ་སྒྲིག་པ། མྱི་གསར་བ།