སྤྲིན་དང་མཚུངས་པའི་སྐྱོ་མགུར།

    ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསུངས།


སྤྲིན་དང་མཚུངས་པའི་སྐྱོ་མགུར།


                 ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསུངས།
ཡུལ་གངས་ཅན་ལྷ་ལམ་ཡངས་པ་ཡི།།
ང་ཆུ་འཛིན་དགའ་བའི་དཀར་མདངས་ཅན།།
མགོན་ཆོས་རྒྱལ་ཉི་མས་བོར་སྟབས་ཀྱིས།།
མདོག་གནས་འགྱུར་མྱ་ངན་སྨུག་པོར་གྱུར།།
གདོང་མཆི་མའི་ཆར་པ་འབབ་ལ་ཁད།།
ཚུགས་མ་ཐུབ་ཕན་ཚུན་ཕང་ཕུང་གཡོ།།
མཐར་ན་འཆིའི་རླུང་གི་མ་གཏོར་བར།།
ཆར་ཟམ་ཟིམ་སྐབས་སྐབས་འབབ་འབབ་འདྲ།།

ཞེས་པ་འདི་ཡང་ཉི་མ་ནུབ་པའི་འཕྲོ་ལ་མཁའ་ན་སྤྲིན་ཞིག་ཡོད་པ་སྨུག་པོར་གྱུར་པའི་ཚེ་སྤྲིན་དེ་དང་མཚུངས་པའི་སྐྱོ་མགུར་འདི་ཚོགས་དྲུག་རང་གྲོལ་གྱིས་བླངས་པའོ།

སློབ་བུ་བློ་བཟང་རིན་ཆེན་ལ་ལན་དུ་གསུང་བའི་མགུར།

ན་མོ་གུ་རུ།
ནམ་ཟླ་དགུན་དཔྱིད་དེ་བཞུད་ཐལ།།
དབྱར་ཟླ་གསུམ་པོ་ཁོ་སླེབས་བྱུང་།།
ཁུ་བྱུག་སྔོན་མོ་ངའི་སྐྱིད་པ།།
གཤོག་སྒྲོ་ལེགས་པོ་བྱས་བརྒྱངས་ཏེ།།
ལྗོན་ཤིང་རྩེ་མོ་རུ་བབས་ནས།།
བྱ་བྱེའུ་སྣ་ཚོགས་ལ་ལྟ་བཞིན།།
སྐད་སྙན་ཡག་པོ་དེ་འབྱིན་ཡ།།
སྐད་སྙན་ཡག་པོ་ཞིག་འབྱུང་བ།།
ནམ་མཁའི་ལྷོ་སྤྲིན་ནས་སྦྲང་ཆར།།
འཇམ་པོ་བབས་པའི་དྲིན་ཡིན་སྙམ།།
ཁུ་བྱུག་སྔོན་མོ་ང་དགའ་ནས།།
བར་བར་བཞད་གད་རེ་ཤོར་རོ།།
མཚོ་དར་དཀར་བོ་དེ་བཞུད་ཐལ།།
མཚོ་ཆུ་སྔོན་མོ་ནི་སླེབས་བྱུང་།།
ངང་བ་སེར་དཀར་ངའི་སྐྱིད་པ།།
གཤོག་སྒྲོ་ལེགས་པོ་བྱས་བརྒྱངས་ཏེ།།
མཚོ་ཆུ་སྔོན་མོའི་ཁར་བབས་ནས།།
གསེར་མིག་ཉ་མོ་ལ་ལྟ་བཞིན།།
སྐད་སྙན་ཡག་པོ་དེ་སྒྲོག་ཡ།།
སྐད་སྙན་ཡག་པོ་ཞིག་བྱུང་བ།།
མཚོ་ཞབས་རྡོ་བཟང་རྩར་ཆགས་པའི།།
ཞིམ་མངར་འདམ་གཙང་དྲིན་ཡིན་སྙམ།།
ངང་བ་སེར་བོ་ང་དགའ་ནས།།
བར་བར་གཤོག་སྒྲོ་རེ་སྤྲུགས་སོ།།
བྱིང་རྨུགས་རྣམ་རྟོག་དེ་ལངས་ཐལ།།
སྟོང་གསལ་རྗེན་པ་ཁོ་སླེབས་བྱུང་།།
བློ་བཟང་རིན་ཆེན་ངའི་སྐྱིད་པ།།
ལུས་གནད་ལེགས་པོ་བྱས་བཅོས་ཏེ།།
རྩེ་གཅིག་ཉམས་བཞག་ལ་གནས་ནས།།
གསལ་འདེབས་དཔེ་ཆ་ལ་ལྟ་བཞིན།།
མགུར་དབྱངས་སྙན་མོ་དེ་ལེན་ཡ།།
མགུར་དབྱིངས་སྙན་མོ་ཞིག་བྱུང་བ།།
མཚན་ལྡན་བླ་མ་ཡིས་ཟབ་རྒྱའི།།
གདམས་པ་གནང་བའི་དྲིན་ཡིན་སྙམ།།
བློ་བཟང་རིན་ཆེན་ང་དགའ་ནས།།
བར་བར་ཐལ་མོ་རེ་སྦྱར་རོ།།

ཞེས་པ་འདི་ཡང་ཉིན་ཞིག་སློབ་བུ་བློ་བཟང་རིན་ཆེན་གྱིས་བསྐུར་བའི་ལན་དུའོ།།
                 རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease