རང་ལོ་དྲུག་ཅུ་རེ་གསུམ་ལ་ཉེ་བར་གསུང་བའི་མགུར།

    ཤར་སྐལ་ལྡན་རྒྱ་མཚོས་གསུངས།


རང་ལོ་དྲུག་ཅུ་རེ་གསུམ་ལ་ཉེ་བར་གསུང་བའི་མགུར།

 

                             ཤར་སྐལ་ལྡན་རྒྱ་མཚོས་གསུངས།


ཨོཾ་སྭ་སྟི། །

བཀྲ་ཤིས་པའི་དགེ་མཚན་ལྷུན་གྲུབ་པ།།
ཆོས་ལོངས་སྤྱོད་གཉིས་ཀྱི་གཡང་འཁྱིལ་བ།།
ཁོང་བྱ་བཏང་འདུ་སའི་དབེན་པ་ན།།
ང་སྐལ་ལྡན་ཉམས་དགའི་གླུ་འདི་ལེན།།
ངས་བླ་མ་དུས་གསུམ་སངས་རྒྱས་དངོས།།
ཕ་ཆོས་པའི་ཐུགས་རྗེའི་སྐྱབས་འོག་ནས།།
དུས་དང་པོ་མཚན་ཉིད་གྲྭ་ཚངས་བཙུགས།།
དུས་ད་སྔར་མི་ལོ་སུམ་བཅུ་བསྐྱངས།།
ཆོས་བཤད་སྒྲུབ་བདེ་གཉིས་ལག་རྗེས་ལ།།
ཁོང་ལུང་རིགས་མཁྱེན་པའི་མཁས་པ་དང་།།
ཚེ་ཕྱི་མ་དོན་གཉེན་བྱ་བཏང་གིས།།
ཕྱོགས་འདི་ན་ཉི་མ་ཤར་ལྟར་མཛེས།།
ང་ད་ལོ་ས་ཕོ་སྤྲེའུ་ལོར།།
རྒྱུད་དད་ལྡན་རྒྱལ་པོས་མཚམས་སྦྱར་ནས།།
སྟོད་གེ་སར་གཞུགས་ཡུལ་གླིང་དོའུ་ནས།།
སྨད་ལྷ་རྒྱལ་རྨ་ཆེན་གངས་ཀྱི་བར།།
དབྱར་སོས་ཀའི་དུས་སུ་ལེགས་པར་འགྲིམས།།
བོད་སོག་པོའོ་དད་པ་ཅན་རྣམས་ཀྱིས།།
རྒྱུ་རྟ་ནོར་ལུག་གསུམ་གང་ཕུལ་བ།།
ཆོས་འབྲི་འདོད་དགེ་འདུན་མཆོད་ཕྱིར་ཕུལ།།
གསེར་བཟང་པོ་ལག་ཏུ་གང་བྱུང་བ།།
ཕལ་ཆེ་བ་བླ་མ་མཉེས་ཕྱིར་ཕུལ།།
དེའི་ལྷག་མ་བྱ་བཏང་ཚོགས་ལ་ཕུལ།།
ང་གསེར་ཕྱེ་འདོད་པའི་བླ་མ་མིན།།
གསེར་རིན་ཐང་ཆེ་ཡང་གང་དགྱེས་མཛོད།།
ང་དེ་ནས་སྟག་རིང་འབྲོག་སྡེར་འོངས།།
རྒྱུ་འབྱོར་ལྡན་དད་ལྡན་ཚོགས་རྣམས་ཀྱིས།།
རྟ་གང་བཟང་ལྔ་བཅུ་ལྷག་ཙམ་ཕུལ།།
རྗེ་བླ་མར་འབུལ་སྙམ་ད་བར་བཟུང་།།
ཕ་བླ་མ་ཉི་མ་དབུས་ལ་བཏེག །
རྟ་དེ་རྣམས་ལྷ་ཁང་རབ་གནས་ཀྱི།།
ཐེབས་བསམ་ནས་བསོད་ནམས་ཁྱོད་ལ་སྟེར།།

འདི་ཆུད་ཟོས་མ་གཏོང་སྐྱ་སེར་ཚོགས།།
ཀུན་ཐུན་མོངས་མཉེས་ཕྱིར་ཚོགས་སུ་ཐོངས།།
ང་རྟ་བཟང་འདོད་པའི་སྒོམ་པ་མིན།།
རྟ་ཇི་ལྟར་བཟང་ཡང་གང་དགྱེས་མཛོད།།
ངས་རྒྱུན་དུ་བླ་མ་བསྟེན་བསྟེན་པས།།
སེམས་དད་པ་བྱ་བ་ད་ལྟར་རྙེད།།
ངས་གྲོགས་པོ་བརྒྱ་བསྟེན་སྟོང་བསྟེན་ལས།།
ཆོས་མཐུན་ངེས་གྲོགས་པོ་ད་ལྟ་བྱུང་།།
ངས་གྲྭ་བ་བརྒྱ་འགྲོགས་སྟོང་འགྲོགས་ལས།།
འཁོར་བྱ་བཏངས་ཚོགས་དང་ད་ལྟར་འགྲོགས།།
ངས་ཆོས་བཤད་བརྒྱ་བྱས་སྟོང་བྱས་ལས།།
ཆོས་རྒྱུད་སྟེང་བསྐོར་ནས་ད་ལྟར་འཆད།།
ངས་དབེན་པ་བརྒྱ་བསྟེན་སྟོང་བསྟེན་ལས།།
གནས་བཀྲ་ཤིས་འཁྱིལ་འདི་དགའ་བ་བྱུང་།།
ནང་རྩ་ཐིག་རླུང་གནད་ངས་མི་ཤེས།།
ཕྱི་ཕར་ཕྱིན་ལམ་རིམ་ཀུན་ལ་ཕན།།
ལམ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།།
སྒོམ་ནུས་ན་བདེ་སྐྱིད་ཉི་མ་འཆར།།
ང་ལོ་རེ་ཙམ་གྱི་བྱ་བཏང་མིན།།
ལོ་བཅོ་བརྒྱད་བཅུ་དགུ་ཉི་ཤུ་ནས།།
ང་ལོ་གྲངས་དྲུག་ཅུ་རེ་གྲངས་བར།།
གནས་དབེན་པ་སྐབས་སྐབས་འགྲིམ་མཁན་ཡིན།།
ཉམས་རྟོགས་པའི་ཡོན་ཏན་མ་ཤར་ཡང་།།
སྒོམ་ཚེ་དང་སྙོམས་པའི་བན་རྒན་ཡིན།།
སེམས་གནས་པའི་ཏིང་འཛིན་མི་བརྟན་ཡང་།།
རྒྱུད་ཆོས་དང་མཐུན་པའི་སྐལ་བ་བཟང་།།
ང་མི་ལ་རས་པ་གཉིས་པའི་བུ།།
བློ་ཆོས་སོང་ཆོས་ཀྱང་ལམ་དུ་སོང་།།
རྐྱེན་བར་ཆད་མེད་པར་བསམ་དོན་འགྲུབ།།
འདི་བསམ་ན་བླ་མའི་དྲིན་དུ་གདའ།།
ཚེ་བློས་བཏང་སྒྲུབ་པའི་མཆོད་པ་འདིས།།
ཕ་བླ་མ་རྟག་ཏུ་མཉེས་གྱུར་ཅིག །

ཅེས་པ་འདི་ཡང་སྐལ་ལྡན་རྒྱ་མཚོས་ལོ་གྲངས་དྲུག་ཅུ་རེ་གསུམ་ལ་ཉེ་བར་ཡི་གེར་བྲིས་པའོ།།

                  བང་སོས་ཡི་གེར་ཕབས།
                     རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease