རང་གཞན་ཆོས་ལ་བསྐུལ་བའི་མགུར།

     ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསུངས།


རང་གཞན་ཆོས་ལ་བསྐུལ་བའི་མགུར།


                            ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསུངས།


རྒྱལ་བའི་རྒྱལ་ཚབ་སློབ་དཔོན་པདྨ་འབྱུང་། །
མཉམ་མེད་ཇོ་བོ་ཀུན་མཁྱེན་བློ་བཟང་གྲགས། །
ཁྱེད་རྣམས་རིམ་བཞིན་བྱོན་ནས་ཆོས་གསུངས་ཀྱང་། །
ད་དུང་ཆོས་མིན་སྣ་ཚོགས་བྱེད་པ་ཡི། །
བོད་ཡུལ་མི་རྣམས་སྙིང་ལ་ཅི་ཞིག་ཞུགས། །
ལས་ངན་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །

བསླབ་པ་བླངས་ནས་ཚུལ་བཞིན་མི་བསྲུང་བར། །
ལྐོག་ཏུ་བུད་མེད་ནག་ཆང་རྐུ་འཕྲོག་བྱེད། །
ཚུལ་འཆོས་དངོས་སུ་སྟོན་པའི་རབ་བྱུང་དང་། །
དགེ་སློང་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
སྡོམ་ཤོར་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །

པོ་ཏི་མང་བོ་ཉན་བཤད་བྱས་ན་ཡང་། །
གཞུང་ལུགས་ཐམས་ཅད་གདམས་པར་མ་ཤར་ཞིང་། །
མང་བོ་བརྩད་ཀྱང་སྒྲོ་འདོགས་མ་ཆོད་ལུས། །
ལས་འབྲས་མི་བརྩི་ནོར་ཕྱིར་ཆོས་བཙོང་བའི། །
སྟོན་ཆེན་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
ཐེ་ཚོམ་མཁན་ལ་ད་དུང་ཐུགས་རྗེས་གཟིགས། །

མི་ཚེ་ཧྲིལ་བོ་རི་ལ་བསྡད་ན་ཡང་། །
བླུན་རྨོངས་ཞི་གནས་སྟོངས་པོའི་ངང་བཞུགས་ནས། །
ཉམས་དང་རྟོགས་པའི་ཡོན་ཏན་གང་ཡང་མེད། །
ཡུན་དུ་བསྒོམས་པའི་བསྒོམ་ཡུས་ཆེར་སྨྲས་པའི། །
སྒོམ་ཆེན་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
སྙོམ་ལས་མཁན་ལ་ད་དུང་ཐུགས་རྗེས་གཟིགས། །

མ་དད་བསྒྱུར་བྱེད་མངོན་ཤེས་རྫུ་འཕྲུལ་མེད། །
སྤྱོད་པ་ཐོ་ཅོ་གཅེར་རྒྱུག་ལ་སོགས་བྱེད། །
ལྷ་མཐོང་འདྲེ་མཐོང་ཟེར་ཞིང་གཞན་མགོ་བསྐོར། །
དད་ལྡན་སུན་འབྱིན་གྲོང་བའི་ཁྱི་དཀྲོག་མཁན། །
རྣལ་འབྱོར་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
སྙོམ་ལས་མཁན་ལ་ད་དུང་ཐུགས་རྗེས་གཟིགས། །

ཡིད་དམ་མི་བསྒྲུབ་འགོང་བོ་ཐན་བལྟས་བསྒྲུབ། །
ཆོས་ཀྱི་རྔ་ཆེན་མི་བརྡུང་རྔ་ནག་བརྡུང་། །
འཕགས་པའི་ནོར་བདུན་མི་གསོག་རྫས་ངན་གསོག །
མཐུ་གཏད་སེར་བས་རང་གཞན་གཉིས་འཕུང་མཁན། །
སྔགས་པ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
དད་མེད་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །

མི་མཐུན་རྐྱེན་རྣམས་ཕྱི་ལ་བསྒྱུར་ཟེར་ནས། །
དམར་གཏོར་གཡང་གཞི་རྫས་ངན་མདུན་དུ་བཞག །
འཇིགས་པའི་ཞྭ་གྱོན་རྔ་གཤང་དཀྲོལ་བཞིན་དུ། །
འོ་དོད་བོས་ཀྱང་དོན་གོ་སྣ་གཅིག་མེད། །
བོན་པོ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
ལོག་སྤྱོད་མཁན་ལ་ད་དུང་ཐུགས་རྗེས་གཟིགས། །

རང་འདོད་ཁོག་བཅུག་གཞན་དོན་སྐད་དུ་སྒྲོག །
ཚ་གྲང་ནད་ངོ་མ་ཤེས་སྨན་ལོག་གིས། །
ཕྱུག་པོ་རྨང་དཀོན་གཅེས་ཕྲུག་མང་བོ་གསོད། །
བྱམས་དང་སྙིང་རྗེ་མེད་པར་དུག་ལྡུད་མཁན། །
སྨན་པ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
སྨན་ལོག་སྟེར་ལ་ད་དུང་ཐུགས་རྗེས་གཟིགས། །

དང་པོ་བླ་མ་སྤྱི་གཙུག་རྒྱན་དུ་འཛིན། །
བར་དུ་མཛད་སྤྱོད་རྣམས་ལ་སྐྱོན་རྟོག་བྱས། །
ཐ་མ་ཁྱི་རོ་བཞིན་དུ་ལིང་གིས་བོར། །
འདི་ཕྱི་གཉིས་མེད་དམྱལ་བའི་གཏིང་རྡོ་མཁན། །
སློབ་མ་གྲྭ་བའི་སྙིང་ལ་ཅི་ཞིག་ཞུགས། །
ལོག་ལྟ་མཁན་ལ་ད་དུང་ཐུགས་རྗེས་གཟིགས། །

གཡོ་སྒྱུའི་སྒོ་ནས་ཕ་རོལ་གཞན་ནོར་ལེན། །
ཁྲལ་དང་འུ་ལག་མང་བོས་སྡེ་བ་སུན། །
ངོ་ཚ་ཁྲེལ་མེད་བྱི་ལ་གཡོ་ཅན་དངོས། །
ལས་འབྲས་མི་བརྩི་མགུ་བའི་མི་གཅིག་མེད། །
རྗེ་དཔོན་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
ཁྲེལ་མེད་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །

ཁྱིམ་ཚང་བཟའ་བའི་ལྟོ་རྒྱབ་གཉིས་ཀྱི་ཕྱིར། །
རྫུན་གཏམ་གཡོ་སྒྱུ་བྱས་ནས་གཞན་ནོར་ལེན། །
བུ་དང་མནའ་མར་དེ་ལས་འདི་ལས་ཟེར། །
ཐ་ན་མ་ཎི་ལན་རེ་མི་འདོན་པའི། །
རྒད་པོ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
སྙིང་མེད་པོ་ལ་ད་དུང་ཐུགས་རྗེས་གཟིགས། །

ལས་སུ་ཚ་བོ་ཡང་ཚའི་འཚོ་རྫི་བྱེད། །
མགོ་དཀར་ལུས་པོ་སྒུར་ཡང་འཆི་སྙམ་མེད། །
སྦྱིན་པ་མི་གཏོང་ལག་པ་སྒོ་བས་དམ། །
ཕྱི་མ་མི་དྲན་ཡི་དྭགས་མགོ་དཀར་མ། །
རྒན་མོ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
ལག་སྟོང་མ་ལ་ད་དུང་ཐུགས་རྗེས་གཟིགས། །

སྲོག་གཅོད་རྐུ་འཕྲོག་བྱས་པའི་ལས་ལན་དུ། །
གཤིན་རྗེ་ཕོ་ཉས་འཁྲིད་ནས་བཅད་གཏུབས་ཚེ། །
བཟོད་མེད་སྡུག་བསྔལ་མྱོང་བ་མི་ཤེས་པར། །
ད་དུང་འདི་བསད་འདི་འཕྲོག་ཁ་ཕོ་བཤད། །
ཕོ་སྐྱེས་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
སྡིག་ཅན་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །

ལྡང་བའི་སྔ་མ་ཉལ་བའི་ཕྱི་མ་བྱེད། །
ཚར་མེད་ལས་ཀྱི་ཉིན་པར་ཁོམ་སྐབས་མེད། །
ཕན་པའི་དགེ་བ་མི་གསོག་ཟས་ནོར་གསོག །
ཁྱི་མོ་ཚང་མ་ལྟ་བུའི་སེར་སྣ་ཅན། །
བུད་མེད་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
སེམས་མེད་མ་ལ་ད་དུང་ཐུགས་རྗེས་གཟིགས། །

ཕ་མ་གཉིས་ཀྱིས་གཅེས་པར་བསྐྱངས་བསྐྱངས་ནས། །
གང་བཤད་ཚིག་ལ་མི་ཉན་ཕྱིར་ལ་བསྡིག །
ཁྲེལ་མེད་ངོ་ཚ་མེད་པའི་སྙིང་ནག་པོ། །
བུ་ཚ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
བདུད་རིགས་པོ་ལ་ད་དུང་ཐུགས་རྗེས་གཟིགས། །

མི་ལུས་ཐོབ་ནས་དམ་ཆོས་མི་བྱེད་པར། །
མེ་ལོང་ཆུ་ནང་བལྟས་ནས་བྱི་དོར་བྱེད། །
སྙིང་དུ་ཁྱོ་བསམ་ཕ་མ་རྒྱབ་ཏུ་བསྐྱུར། །
དོན་གོ་མེད་པའི་མི་ཡི་གཡོག་ལ་འགྲོ། །
བུ་མོ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །
མདོ་མེད་མ་ལ་ད་དུང་ཐུགས་རྗེས་གཟིགས། །

བསྡིགས་རུང་བརྡུངས་རུང་མི་ཡི་གཡོག་ལ་དགའ། །
ཟས་སུ་ངན་ངོན་གོས་སུ་དུག་ཧྲུལ་གྱོན། །
སྔོན་གྱི་ལས་ཀྱིས་ཚེ་འདིར་མི་སྐྱིད་ཀྱང་། །
ད་དུང་དམ་ཆོས་མི་བྱེད་གླུ་ཚོ་ལེན། །
གཡོག་པོ་གཡོག་མོའི་སྙིང་ལ་ཅི་ཞིག་ཞུགས། །
སྙིང་མེད་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །   

ཞེས་པ་འདི་ཡང་རང་གཞན་ཆོས་ལ་བསྐུར་ཕྱིར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །
                   རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease