གཡུའི་སྦྲང་ཆུང་པདྨའི་སྙན་ངག་ཁྱོ་ཤུགས་ཀྱིས་ཕན་ཚུན་བཏང་བས་མགུར།

    རྫ་དཔལ་སྤྲུལ་གྱིས་གསུང་།


གཡུའི་སྦྲང་ཆུང་པདྨའི་སྙན་ངག་ཁྱོ་ཤུགས་ཀྱིས་ཕན་ཚུན་བཏང་བས་མགུར།


               གཏམ་པདྨའི་ཚལ་གྱི་ཟློས་གར་ལས་བཏུས།
                          རྫ་དཔལ་སྤྲུལ་གྱིས་གསུང་།

ཀྱེ་ཀྱེ་ཡིད་འོང་གཞོན་པའི་ལང་ཚོ།།
ཕུན་ཚོགས་བྱེད་པོའི་པིར་གྱིས་མ་བྲིས།།
ལེགས་བྱས་སྒྱུ་མའི་འཕྲུལ་གྱིས་བཞེངས་པ།།
ལྷ་ཡུལ་ལྷ་ལ་འགྲན་ཡང་ཕོད་དམ།།
དཔལ་འབྱོར་ལོངས་སྤྱོད་རང་གིས་མ་བསོགས།།
འདི་ན་བཀོད་པ་སྔོན་གྱི་ལས་དབང་།།
མེ་ཏོག་སྟན་འཇམ་ཐགས་སུ་མ་བཏགས།།
རེག་འཇམ་དང་པོ་རང་གི་ཉེར་སྤྱད།།
གེ་སར་ཟིལ་མངལ་གཡོ་བསྐོལ་མ་བྱས།།
རོ་བརྒྱའི་བཏུང་བ་འཆི་མེད་བདུད་རྩི།།
བདེ་སྐྱིད་དཔལ་འདི་འབད་པས་མ་ཡིན།།
ཤུགས་ཀྱིས་གྲུབ་པ་སྔོན་བསགས་བསོད་ནམས།།
རང་སེམས་བསམ་བློ་ཆོས་ལ་བཀོད་ན།།
དལ་འབྱོར་ལས་ཞེས་བཏགས་ཀྱང་ཆོག་གི །
སྨྲ་ཤེས་དོན་གོ་སྡིག་སྤྱོད་སྒྲུབ་པའི།།
རྐང་གཉིས་གཞན་ལ་ཡིད་སྨོན་མ་དགོས།།
ཀྱེ་ཀྱེ་གསོན་དང་ཡིད་འོང་སྙིང་སྡུག །
འདི་ན་མེ་ཏོག་སྐྱེད་ཚལ་མཛེས་མཛེས།།
ཟིལ་མངར་བདུད་རྩིའི་རོ་བཅུད་མང་མང་།།
སྐད་མཐུན་བུང་བའི་ཁྱུ་ཚོགས་མང་མང།།
དབྱར་ཟླའི་དཔལ་འདི་ཡུད་ཙམ་ཡུད་ཙམ།།
འཚེ་བའི་རྐྱེན་མང་གློ་བུར་གློ་བུར།།
བདེ་སྡུག་འགྱུར་བ་སྐད་ཅིག་སྐད་ཅིག །
འཆི་བདག་སུན་མ་ཇེ་ཉེ་ཇེ་ཉེ།།
སྐྱིད་འདོད་ངང་ལ་ཚེ་འདི་འདས་ན།།
འདི་སྣང་བདེ་ལ་སྙིང་པོ་མི་འདུག །
འཁོར་བའི་བྱ་བ་བྲེལ་ལོའི་རྣམ་གཡེངས།།
འཕྲལ་དང་ཡུན་དུ་འཛད་པ་མི་འདུག །
ཚེ་འདིའི་འདུག་ཆུས་ཡུན་དུ་འབད་ཀྱང་།།
ཚེ་ཚད་རྫོགས་ན་སྙིང་པོ་མི་འདུག །
ཡིད་འོང་སྐྱེད་ཚལ་སྣང་བ་བདེ་ཡང་།།
འབྲལ་དགོས་བྱུང་ན་ཕན་པ་མི་འདུག ། 
དོན་འདི་དགོངས་ནས་བློ་ཐག་ཆོད་དང་།།
ཡིད་མཐུན་བཟའ་ཚོ་ཆོས་ལམ་དེངས་འགྲོ །
སྐལ་བཟང་ཡིད་མཐུན་ལྷ་ཆོས་བྱེད་འདོད།།
སྙིང་གི་གྲོགས་ཁྱེད་དེ་ལྟར་ཨེ་དགོངས།།
             ཞེས་ཟེར་བས།
 
གཅིག་ཤོས་ཀྱིས་ཀྱང་ན་རེ།
ལེགས་སོ་ལེགས་སོ་སྙིང་སྡུག་ཁྱོད་བདེན།།
བདེན་ནོ་བདེན་ནོ་ཡིད་འཛིན་སྙིང་གཏམ།།
སྙིང་གཏམ་སྙིང་གི་བཅུད་དུ་བཏབ་པ།།
སྙིང་ལ་འཆི་མེད་བདུད་རྩི་དེ་ལེགས།།
ལྷ་ཡུལ་ལྗོངས་ནས་འདི་རུ་མ་བོས།།
མི་ཡུལ་ཡིད་འོང་མེ་ཏོག་སྐྱེད་ཚལ།།
སྐལ་བཟང་ཡིད་མཐུན་བུང་བའི་ལོངས་སྤྱོད།།
རབ་དགའ་སྦྱིན་པ་སྔོན་གྱི་ལས་དབང་།།
མཛེས་ཀྱང་མི་རྟག་འཁོར་བའི་མཚན་ཉིད།།
འབྱོར་ཡང་མི་རྟག་སྒྱུ་མའི་ལོངས་སྤྱོད།།
སྤྱད་ཀྱང་མི་ངོམས་འདོད་ཡོན་བསླུ་བྲིད།།
སྙིང་པོ་མེད་པ་འཁོར་བའི་གནས་ལགས།།
ཁྱེད་ཀྱང་སེམས་ལ་གོ་ཆ་གྱོན་དང་།།
ངས་ཀྱང་སྙིང་ལ་རི་མོ་བྲི་ཡིས།།
ཐག་ཆོད་གྲོས་ལ་འགྱུར་བ་ཅི་ཡོད།།
སྐལ་བཟང་ཡིད་མཐུན་ཆོས་ལམ་སྙོགས་འགྲོ །
བསགས་པའི་ནོར་ལ་སྙིང་པོ་མི་འདུག །
འབད་པས་བཙལ་ཡང་གཞན་གྱི་ལོངས་སྤྱོད།།
བསྐྱངས་པའི་འཁོར་ལ་སྙིང་པོ་མི་འདུག །
བརྩེ་བས་བསྐྱངས་ཀྱང་དགྲ་ཡི་གཡབ་མོ།།
བརྩེགས་པའི་མཁར་ལ་སྙིང་པོ་མི་འདུག །
ཕན་པར་སེམས་ཀྱང་སྲོག་གཅོད་རྦབ་རྒོད།།
རྨོས་པའི་ཞིང་ལ་སྙིང་པོ་མི་འདུག ། 
བཟང་པོར་བརྩི་ཡང་འབུ་སྲིན་བཤན་ཁང་།།
འོན་ཏེ་ངང་བསྲིང་དལ་གྱིས་དགོས་ཀྱི།།
ཙབ་ཙོབ་བྱ་བས་མཐའ་གཞུག་མི་འཁྱོངས།།
སྙིང་གི་དམ་བཅའ་སྙིང་ལ་བྲིས་ན།།
རང་སེམས་རང་དབང་ཆེ་བ་ལེགས་མོད།།
                         རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease