མི་རྟག་དྲན་པའི་གསུང་མགུར།

    དགེ་འདུན་ཆོས་འཕེལ་ཀྱིས་གསུང་།


མི་རྟག་དྲན་པའི་གསུང་མགུར།
ཞར་བཀོད་གཅིག


                                       དགེ་འདུན་ཆོས་འཕེལ་གྱིས་གསུངས།


རྒྱ་ཆེན་དོན་གཉིས་གྲུབ་པའི་དགའ་སྟོན་ལ་རོལ་བའི།།
མ་འདྲིས་འགྲོ་བའི་རྩ་ལག་ཟས་གཙང་གི་སྲས་པོ།།
མཐའ་དང་ཟད་དུ་མེད་པའི་བྱིན་རླབས་ཀྱི་སྦྲང་ཆར། །
ཐུགས་རྗེའི་ཆུ་འཛིན་འཁྲིགས་པའི་གུར་ཁང་ནས་ཕོབ་ཅིག །
ཐང་ཆེན་ཕ་མཐར་བྲལ་བའི་དུད་སྤྲིན་གྱི་སྤྲིས་མ།།
རྐང་གླིང་སྐད་བརྡ་བསྒྱུར་བའི་རྒྱུས་མེད་ཀྱི་གྲོགས་པོ།།
ཁ་དོག་སྣ་ལྔ་ཤར་བའི་ཞིང་ཆེན་གྱི་རེ་མིག།
སྣང་ཡུལ་གང་ལ་བལྟས་ཀྱང་སྐྱོ་ཉམས་ཤིག་འདུག་པ།།
ཉེ་འབྲེལ་འཁོར་གཡོག་འཛོམས་པ་ཚོང་འདུས་ཀྱི་མགྲོན་པོ།།
སྟོབས་འབྱོར་ཁེངས་དྲེགས་དར་བ་རྨི་ལམ་གྱི་ལོངས་སྤྱོད།།
སྐྱིད་སྡུག་སྤེལ་མའི་ཉམས་མྱོང་དབྱར་དགུན་གྱི་འགྱུར་ལྡོག།
བསམ་ཞིང་མ་བཅོས་ཤུགས་པའི་གླུ་དབྱངས་ཤིག་ཤོར་སོང།།
མེད་ན་ལྟོགས་ཀྱིས་དོགས་པའི་བཟའ་བཏུང་གི་རྩོལ་སྒྲུབ།།
ཡོད་ན་ཟད་ཀྱིས་དོགས་པའི་ཁེ་ཚོང་གི་འདུ་འགོད།།
དོན་ཆུང་ལས་ལ་འབད་པའི་ཕྲེང་གོག་དེ་བགྲང་ནས།།
ཡུན་ཐུང་མི་ཚེ་ཕྲ་མོའི་ཕྲེང་ཐག་དེ་ཟད་སོང༌།།
བྱས་ཀྱང་འཛད་དུས་མེད་པའི་འཇིག་རྟེན་གྱི་བྱ་གཞག།
བྱས་བྱས་ལས་ཀྱི་མཐའ་ལ་ཡི་ཆད་ཀྱི་སྣོན་པ།།
བྱས་ནས་གྲུབ་པར་རློམས་པའི་བདེ་འབྱོར་ཀུན་བསགས་ཀྱང༌།།
སྡུག་བསྔལ་ཕུང་བོ་འདི་ཡི་བཅུ་ཆ་ལས་མི་འདུག།
ཁྲམ་དང་གཡོ་སྒྱུའི་རྩེད་མོ་དགུ་སྒྲིག་ཏུ་བྱས་ཏེ།།
འབད་པ་བརྒྱ་ཡིས་སྒྲུབ་པའི་འཇིག་རྟེན་གྱི་མདུན་མས།།
ཡུན་རིང་བསྒུགས་པའི་མཐའ་ལ་སྟོང་བསླུས་སུ་བྱས་པས།།
ལོ་གསུམ་སྡུག་ལས་བྱས་པའི་ཨ་ཐང་ནི་ཆད་སོང༌།།
འབྱོར་ཚེ་ཉེ་བའི་དྲུང་ན་ཞུད་ཞུད་དུ་འགྲོ་ཞིང༌།།
རྒུད་ཚེ་རིང་བོའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།།
དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།།
བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང༌།།
ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།།
བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།།
ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།།
སེང་གེ་ཁྲི་ཡི་གཡོག་ཏུ་གྱུར་ཚུལ་འདི་སྐྱོ་བ།།
ཟིན་མེད་དབྱར་དགུན་དུས་བཞིའི་སོ་ཚིས་ལ་འབད་ནས། །
དོན་མེད་རྣམ་གཡེང་ངང་དུ་མི་ཚེ་ཕྱེད་ཟད་ཀྱང༌། །
ད་དུང་སྣང་མེད་གཞོན་པའི་འཕྱོར་ཉམས་དེ་ཆེ་བ།།
ལུས་རྒས་སེམས་མ་རྒས་པའི་སྣང་ཚུལ་འདི་སྐྱོ་བ།།
ཚོགས་དྲུག་སྣང་བ་ཡུལ་གྱི་མེ་ཏོག་གི་ཐང་དུ།།
གཏད་མེད་རིག་པའི་བུ་ཆུང་ཕར་ཕར་ལ་འཁྱམས་པས།།
དོན་ཆེན་གནས་ལ་སེམས་པའི་དྲན་འདུན་གྱི་ལམ་སྲོལ།།
ད་ལྟ་རྗེས་མེད་བོར་བའི་སྣང་ཚུལ་འདི་སྐྱོ་བ།།
རི་བོ་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམས་ཏེ།།
ཐག་རིང་རྒྱུས་མེད་མི་ཡི་རྒྱལ་ཁམས་སུ་སླེབས་ནས། །
མདོ་མེད་འཕྱོར་མོའི་ཕྱོགས་ལ་སེམས་ཀྱི་གཤིས་ཤོར་ཏེ།།
དྲིན་ཅན་ཕ་མ་བརྗེད་པའི་བུ་རུལ་ང་སྐྱོ་བ།།
མ་རིག་རྣམ་རྟོག་འདྲེ་མོའི་གར་སྟབས་ཀྱི་རྗེས་སུ། །
མི་བདེན་འཁྲུལ་བའི་ཆོས་འདི་ཡོམ་ཡོམ་དུ་གཡོས་པས།།
དེ་རིང་མཐོང་བའི་སྣང་བ་སོང་ཉིན་ནི་བརྗེད་དེ། །
གང་ལ་གཏད་སོ་མེད་པའི་ངང་ཚུལ་འདི་སྐྱོ་བ།།
བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིན་རྟེན་གྱི་ཕུན་ཚོགས།།
ཐོས་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པ། །
འཕྲལ་སྣང་བདེ་བའི་གནས་སྐབས་རྨི་ལམ་ཙམ་སོང་རྗེས། །
ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣ་རེ་འདུག་པ། །
རེ་དོགས་འོག་འགྱུའི་རྣམ་རྟོག་སྡུག་བསྔལ་གྱི་སྐྱུར་རྩི། །
ཤུགས་འབྱུང་དགའ་བའི་ཉམས་ཀྱི་འོ་མ་དང་འདྲེས་པས། །
བཟའ་བཏུང་ལོངས་སྤྱོད་ཕྱི་ཡི་སྐྱིད་ཆས་ཙམ་འགྲིགས་ཀྱང༌།།
བློ་བདེ་གུ་ཡངས་ནང་གི་སྐྱིད་ཉམས་དེ་མི་འདུག །
ཆེ་འདོད་རེ་བའི་གཞི་མ་མེ་ནང་དུ་བསྲེགས་ཤིང༌། །
མི་འདོད་ཁྲལ་གྱི་བཙུན་གཟུགས་ཐལ་དོང་དུ་བསྐྱུར་ཏེ།།
གང་དྲན་སེམས་རྗེས་འབྱུང་བ་སྨྱོན་པ་ཡི་སྤྱོད་པས།།
ལྗོངས་དང་ལྗོངས་སུ་རྒྱུ་བའི་གུ་ཡངས་ཤིག་བྱུང་ན།།
ཚུལ་གསུམ་རྟགས་ཀྱི་རྫོང་གོག་རྨེག་མེད་དུ་བཤུག་ཅིང༌།།
མཐའ་བརྒྱད་དམ་བཅའི་མདུད་པ་རང་ས་རུ་ཆད་དེ།།
གང་ཤར་སྣང་བ་གཞི་མེད་རྩ་བྲལ་དུ་གོ་ནས། །
ཞེ་བློ་གཏིང་ནས་བདེ་བའི་དགའ་སྤྲོ་ཞིག་བྱུང་ནས། །
སྟོང་བ་མཐའ་དབུས་མེད་པའི་འོད་གསལ་གྱི་དབྱིངས་སུ།།
འཛིན་མེད་སེམས་ཀྱི་ངོ་བོ་རོ་གཅིག་ཏུ་ཐིམ་སྟེ།།
རང་མྱོང་བརྗོད་དུ་མེད་པའི་ཟག་མེད་ཀྱི་བདེ་བར། །
ཉིན་དང་མཚན་དུ་སྤྱོད་པའི་སྐལ་བཟང་ཞིག་བྱུང་ན།།
སྣང་བ་མི་རྟག་ཨ་མའི་ངོ་འཛུམ་གྱི་དཀར་ནག།
རེས་སྐྱིད་རེས་སྡུག་རང་ཉམས་རྗེས་དྲན་གྱི་སྐྱོ་གླུ། །
རྒྱུས་མེད་ཕྱི་མའི་ཐང་ཆེན་བྷང་ག་ལའི་ཡུལ་དུ།།
མདོ་སྨད་འཁྱམས་པོ་དགེ་འདུན་ཆོས་འཕེལ་གྱིས་བླངས་སོ།།
ཤར་ཕྱོགས་བྷང་ག་ལའི་ཡུལ་དུ་རིའི་བུ་མོའི་གྲོང་དང་ཉེ་བར་ནས་བྲིས་པའོ།།

འདུ་འབྲལ་སྙིང་པོ་མེད་པར་རྟོགས་པའི་གླུ།
 
སྲིད་པའི་འབྱོར་བ་ལ་ཁའི་ན་བུན།།
འདུས་པའི་གཉེན་གྲོགས་ཚོང་དུས་མགྲོན་པོ།།
མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ།།
བསམས་ཤིང་བསམ་ན་སྙིང་བོ་མི་འདུག།
རྒྱུས་མེད་གཤིན་རྗེའི་ཕོ་ཉས་ཁྲིད་ནས།།
ཕྱི་མའི་འཕྲང་རིང་འགྲིམ་པའི་གྲོགས་ལ།།
སྐྱབས་ཀྱི་དམ་པ་རྩ་གསུམ་ལྷ་ཡིས།།
ཐུགས་རྗེ་ཅན་གྱིས་སྐྱེལ་མ་མཛོད་ཅིག།
སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད།།
བསྒྱུར་དུ་མེད་པ་སྒྱུ་མའི་རང་མདངས།།
མི་བཟློགས་གཤིན་རྗེ་རྒྱལ་བོའི་བཀའ་ཡིག།
ཉམས་ཆུང་གྲོགས་ཀྱི་སྟེང་དུ་སླེབས་སོང་།།
སྔོན་སྨོན་ལས་ཀྱི་ཆར་ཟིམ་བབས་ཚེ།།
ཡོད་ཡོད་འདྲ་བའི་དགོང་གི་འཇའ་ཚོན།།
དུང་སེམས་ཉི་མ་གསལ་དུ་སོང་ཚེ།།
མི་མཐོང་ནམ་མཐའི་དབྱིངས་སུ་ཡལ་སོང་།།
ན་གཞོན་ལང་ཚོའི་མེ་ཏོག་རྒྱས་དུས།།
ཡིད་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པའི།།
འདྲིས་འདྲིས་ཆུང་གྲོགས་སེམས་ཀྱི་འཚེར་ཡ།།
ད་ལྟ་རིགས་དྲུག་གང་དུ་ཡོད་ན།།
སྐྱིད་ཤོད་ལྷ་སའི་གྲོག་ཆུ་ཕྲ་མོ།།
ཞག་གསུམ་འཛོམས་པ་འགྲོགས་པའི་ཐ་མ།།
མི་རིང་འཕྲད་པའི་ཁ་ཆད་བྱས་པ།།
རྨི་ལམ་ནང་ནས་མཇལ་དུས་སླེབས་སོང་།།
རྒན་གཞོན་བར་མའི་སྐྱེ་བོ་མཐའ་དག།
ངེས་མེད་འཆི་བའི་སྣང་ཚུལ་མཐོང་ཡང་།།
ཆུང་སྐྱེས་གྲོགས་ཀྱིས་བོར་བའི་ཕྱོགས་ལ།།
ནང་གི་དུང་སེམས་ཆོད་ཐབས་མི་འདུག།
ཤི་རྗེས་འགྱོད་པ་བླུན་པོའི་ངང་ཚུལ།།
ལུས་སེམས་རྒུད་པའི་རྒྱུ་ལས་མེད་ཀྱང་།།
ཡུན་རིང་འདྲིས་པའི་སེམས་ཀྱི་བག་ཆགས།།
གོམས་པའི་ཤུགས་འདི་བཟློག་ཐབས་མི་འདུག།
ལུས་ཟུང་ཟད་ལ་ཀེང་རུས་གཟུགས་བརྙན།།
གསོན་དུ་རེ་བའི་ཁོ་ཐག་ཆད་དེ།།
འཆི་བའི་མིག་གིས་ཅེ་རེ་བལྟ་བའི།།
གཏམ་དེ་བདེན་ན་སྙིང་ལ་གཟན་པ།།
མ་བརྟགས་སེམས་ཀྱི་འཆར་ཚུལ་ཞིག་ལ།།
ད་དུང་དྲུང་ན་ཡོད་ཡོད་འདྲ་བ།།
དྲན་པའི་གཞི་མོ་ནང་དུ་བཀུག་ཚེ།།
སྙིང་ཁོང་སྟོང་བའི་རྒྱུ་ལས་མི་འདུག།
བརྩེ་ཞིང་འགྲོགས་པའི་ཕྱི་ཐག་བསམས་ཏེ།།
མཆོག་གསུམ་བསླུ་བ་མེད་པའི་ཞིང་དུ།།
དགེ་བའི་དངོས་པོ་ཅུང་ཟད་བསྒྲུབས་པ།།
ཕྱི་མའི་ཡུལ་དུ་གྲོགས་པ་བསྲིངས་སོ།།
               རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease