བདེ་བ་ལྔའི་གླུ།

    རྗེ་བཙུན་མི་ལ་རས་པས་གསུངས།


བདེ་བ་ལྔའི་གླུ།
 
              རྗེ་བཙུན་མི་ལ་རས་པས་གསུངས།

རྗེ་དྲིན་ཅན་མར་པའི་ཞབས་ལ་འདུད།། 
ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས།། 
བྲག་དཀར་རྟ་སོ་དབུ་མ་རྫོང་།། 
དབུ་མ་རྫོང་གི་རྫོང་རྩེ་ན།།
བོད་ཀྱི་རྣལ་འབྱོར་རས་པ་ང་།།  
ལྟོ་གོས་ཚེ་འདི་བློས་བཏང་ནས།། 
རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ།།
འོག་ན་སྲ་བའི་འབོལ་ཆུང་བདེ།། 
སྟེང་ན་བལ་པོའི་ཤིང་རས་བདེ།།
པུས་མཁྱུད་བསྒོམ་ཐག་སྐོར་གཅིག་བདེ།། 
འགྲངས་ལྟོགས་སྙོམས་པའི་སྒྱུ་ལུས་བདེ།། 
ལྟ་རྟོག་ཐོངས་པའི་སེམས་ཉིད་བདེ།། 
མི་བདེ་མི་གདའ་བདེ་མོར་གདའ།། 
བདེ་བདེ་འདྲ་ན་ཀུན་ཀྱང་མཛོད།། 
ཆོས་བྱེད་ཀྱི་སྐལ་བ་མི་ལྡན་ན།། 
ང་བདག་གཞན་སེམས་ཅན་ཐམས་ཅད་ཀྱི།། 
གཏན་གྱི་བདེ་སྐྱིད་བསྒྲུབ་པ་ལ།། 
གོ་ལོག་གི་སྙིང་རྗེ་མི་འཚལ་གྱིས།། 
ཉི་མ་ཟེར་ཆུང་ལ་ལ་སོང་།། 
ཁྱེད་རྣམས་རང་རང་གནས་སུ་སོང་།། 
པང་ཚེ་ཐུང་ནམ་འཆི་ཆ་མེད་ལ།། 
རྫོགས་པའི་སངས་རྒྱས་པའི་བསྒྲུབ་པ་ལ།། 
གཡེངས་གཏམ་ལབ་ཏུ་ཁོམ་པ་མེད།།
དེ་ཕྱིར་མཉམ་གཞག་ངང་དུ་འཇོག །
བསམ་པ་རྫོགས་ལུགས་ཀྱི་གླུ།
 
རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས།།
སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས།།
ང་སྐྱིད་པ་གཉེན་གྱིས་མ་ཚོར་ཞིང་།།
སྡུག་པ་དགྲ་ཡིས་མ་ཚོར་བར།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
རྒས་པ་གྲོགས་ཀྱིས་མ་ཚོར་ཞིང་།།
ན་བ་སྲང་མོས་མ་ཚོར་བར།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
ཤི་བ་མི་ཡིས་མ་ཚོར་ཞིང་།།
རོ་རུལ་བྱ་ཡིས་མ་མཐོང་བར།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
ང་སྒོ་ན་མི་རྗེས་མེད་པ་དང་།།
ནང་ན་ཁྲག་རྗེས་མེད་པ་རི།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།
རོ་ལ་འཁོར་མི་མེད་པ་དང་།།
ཤི་ན་ངུ་མི་མེད་པ་རུ།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
ང་གར་སོང་འདྲི་མི་མེད་པ་དང་།།
འདིར་སོང་གཏད་སོ་མེད་པ་རུ།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
མི་མེད་ལུང་པའི་བྲག་ཕུག་ཏུ།།
སྤྲང་པོ་འཆི་བའི་སྨོན་ལམ་འདི།།
འགྲོ་བའི་དོན་དུ་ཐེབས་པར་ཤོག།
ཐེབས་ན་བསམ་པ་རྫོགས་པ་ཡིན།།
           ལྡན་མ་བསམ་དགས་ཡི་གེར་ཕབས།
                         རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease